མགོ་ལོག་ཁུལ་གྱིས་ཕྱོགས་ཡོངས་ནས་ལོ15ཡི་རིན་མེད་སློབ་གསོ་མངོན་འགྱུར་བྱས་ཏེ་སློབ་མ་ཁྲི3ལྷག་ལ་ཕན་ཁེ་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས2011ལོ་ནས་བཟུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི1+3+9ཡི་སློབ་གསོ་འགྲོ་གྲོན་དང་ས་ཁུལ་གཞན་ནས་སློབ་གྲྭ་བསྐྱོད་པར་སློབ་རོགས་བྱ་དགའ་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན། ཁུལ་ཡོངས་ཀྱི་ཁྱིམ་ཚང་དཀའ་ངལ་ཆེ་བའི་སློབ་མའི་སློབ་ཞུགས་ཀྱི་གནད་དོན་ཐག་བཅད་པ་དང་། ལྷག་པར་དུ་རང་ས་ཁུལ་གྱི་སློབ་སྔོན་སློབ་གསོ་དང་འབྲིང་རིམ་ཆེད་ལས་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱས་ཤིང་། སློབ་གསོའི་དམངས་ཕན་སྲིད་ཇུས་འདིས་ཁྱིམ་ཚང་མང་པོར་ཕན་ཁེ་བསྐྲུན་ཡོད། འདིས་མགོ་ལོག་ཁུལ་གྱིས་ལྔ་བཅུ་གཉིས་པའི་དུས་སྐབས་སུ་ལོ15ལ་རིན་མེད་སློབ་གསོ་ལས་འགན་ལེགས་འགྲུབ་བྱས་པ་མངོན་པར་མཚོན་ཡོད།

གསར་འགོད་པས་མགོ་ལོག་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ནས་བཟུང་། མགོ་ལོག་ཁུལ་གྱིས་ལོ་དགུའི་འགན་བབ་སློབ་གསོའི་དུས་རིམ་གྱི་སློབ་མར་སློབ་ཡོན་དང་དཔེ་རིན་མེད་པར་བཏང་བའི་རྨང་གཞིའི་སྟེང་། ལས་བྱའི་འབྲི་དེབ་དང་ལུས་ཕུང་ཁྲུས་རིན། མལ་ཐུལ་དང་མལ་གདན་བཅས་ཀྱི་རིན་པ་མེད་པར་བཏང་། མཐོ་འབྲིང་སློབ་མར་སློབ་ཡོན་དང་རྒྱལ་ཁབ་ཀྱི་གཏན་འཁེལ་བྱས་པའི་བསླབ་ཚན་གྱི་དཔེ་རིན་མེད་པར་བཏང་བ་མ་ཟད། མཐོ་འབྲིང་སློབ་མ་རེར་ལོ་རེར་སྒོར2400ཡི་འཚོ་བའི་ཁ་གསབ་དང་སྒོར300ཡི་འགྲོ་གྲོན་ཁ་གསབ་བྱས། ཧུར་བརྩོན་གྱིས་རོང་འབྲོག་པའི་བྱིས་པ་དང་གྲོང་རྡལ་གྱི་དཀའ་ངལ་ཁྱིམ་ཚང་གི་བྱིས་པ་སོ་སོར་སློབ་སྔོན་སློབ་གསོའི་ལོ་གཉིས་དང་སློབ་སྔོན་ལོ་གསུམ་ལ་སློབ་མ་རེར་ལོ་རེར་སྒོར2000གི་འཚོ་བའི་ཁ་གསབ་བྱས།   །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།