མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལག་བསྟར་དངོས་འབེབས་ཟབ་མོ་བྱས་པ་དང་། གནས་བབ་གསར་བའི་འོག་ཏུ་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞའོ་ཡུང་གཉིས་ཀྱིས་སོ་སོར་གཏམ་བཤད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁའེ་ཅོན་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཁང་གི་ཞིབ་དཔྱོད་དཔོན་པོ་ཡན་པད་གཉིས་ཚོགས་འདུར་ཞུགས།

ཝང་ཅན་ཅོན་གྱིས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱིས་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་དང་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་འཇགས་སྲུང་སྐྱོབ་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་བཀའ་དྲིན་ཞུས།

ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ཁྲོད་གནས་པའི་མི་འདང་སའི་གོ་རིམ་དང་མྱུར་དུ་ཐག་གཅོད་དགོས་པའི་གནད་དོན་དག་གསལ་བོར་མཐོང་བར་བྱེད་དགོས་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོ་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། ཀྲུང་དབྱང་གི་ཁོང་དུ་ཆུད་དགོས་པ་བཞི་དང་གནད་གཏོར་ལྔ། རྒྱུན་འཁྱོངས་བཞི་བཅས་ཀྱི་བླང་བྱ་ལྟར། ཕྱོགས་གཅིག་ནས་གནད་དོན་ལེགས་བཅོས་བྱེད་པ་དང་། ཕྱོགས་གཅིག་ནས་ཡུན་ཕན་རྐྱེན་སྲོལ་འཛུགས་སྐྲུན་བྱས་ཏེ། ཚད་གཞི་སྔར་ལས་ནན་མོ་དང་བྱེད་ཐབས་སྔར་ལས་དངོས་ཡོད་སྤྱད་དེ་ལས་བྱེད་པ་སྐྱེད་སྲིང་བཟང་པོ་དང་ཚན་ཁག་འཛུགས་སྐྲུན་བཟང་པོ། དཔུང་སྡེར་སྣེ་ཁྲིད་བཟང་པོ་བཅས་བྱས་ཏེ། སྲིད་ཁྲིམས་དཔུང་སྡེའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཐད་ལ་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཝང་ཞའོ་ཡུང་གིས་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས་པ་དང་། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཆེ་ཕྱོགས་ལ་དམ་དུ་སྦྲེལ་ནས། སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ལ་ཚོད་འཛིན་བྱེད་པའི་སྒྲིག་ལུགས་རང་བཞིན་དང་། རྐྱེན་སྲོལ་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་དཀའ་གནད་ཧུར་ཐག་གིས་སེལ་དགོས་ལ། བློ་སེམས་བརྟན་པ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁག་ཁུར་བྱེད་ཕོད་པ། སྤྱོད་པ་གཙང་བ་བཅས་ཀྱི་སྲིད་ཁྲིམས་དཔུང་སྡེ་ཞིག་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།