ཝང་ཀོ་ཧྲིན་གྱིས་ཟི་ལིང་དུ“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་ལས་གནས་སུ་ཞུགས་པའི་ཉིན་དང་པོ་ཡིན་ལ། ཁོ་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་ནན་ཁྲོན་ལྷོ་ལམ་གྱི་ཧྥུ་ལུའུ་སྲང་ལམ་གཞིས་ཁུལ་དུ་སོང་སྟེ། “སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གཞི་རིམ་ཏང་ཡོན་མང་ཚོགས་རྣམས་དང་མཉམ་དུ་ཏང་བཙུགས་ནས་ལོ་འཁོར95ལོན་པའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས། ཝང་ཀོ་ཧྲིན་གྱིས་ཏང་སྲོལ་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གཙོ་བོ་དག་ལ་སློབ་སྦྱོང་ཟབ་མོ་བྱེད་པར་ཆེས་གལ་ཆེ་བ་ནི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་བྱང་ཆུབ་དགོས་པ་དང་། ཚད་མཐུན་གྱི་གུང་ཁྲན་ཏན་ཡོན་ཞིག་བྱེད་པར་ཆེས་གལ་ཆེ་བ་ནི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ་དེ་ཡིན་པ་ནན་གྱིས་བསྟན།

སྔ་དྲོར། ཝང་ཀོ་ཧྲིན་ཧྥུ་ལུའུ་སྲང་ལམ་གཞིས་ཁུལ་གྱི་ཞབས་ཞུ་ཚོམས་ཆེན་དུ་སོང་ནས་དམངས་ཕན་སྒེའུ་ཁུང་ལ་ཞིབ་ཕྲའི་ངང་ལྟ་ཞིབ་བྱས་པ་དང་། “སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཏང་ཡོན་གྱི་བྱེད་ནུས་འདོན་སྤེལ། ཚད་མཐུན་གྱི་ཏང་ཡོན་བྱེད་པ་སོགས་ཀྱི་བྱ་བ་ཇི་ལྟར་སྒྲུབ་པ་དང་། བྱིས་པ་གཉིས་བཙའ་ཆོག་པའི་སྲིད་ཇུས་དང་མང་ཚོགས་ཀྱི་སྨན་བཅོས་སྲིད་ཇུས། བྱིས་པ་བྱིར་གཉོར་ཁང་དུ་འཇུག་པ་སོགས་ཀྱི་དམངས་ཕན་ཞབས་ཞུ་དངོས་འབེབས་བྱས་པར་རྒྱུས་ལོན་དང་། ཝང་ཀོ་ཧྲིན་གྱིས་གཞིས་ཁུལ་གྱི་ལས་བྱེད་མི་སྣ་དང་བྱ་བ་སྒྲུབ་པར་ཡོང་བའི་མང་ཚོགས་ལ་བྱམས་བརྩེའི་ཁ་བརྡ་དང་གྲོས་འདྲི་བྱས། གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཡིས“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་དང་འབྲེལ་ནས“365ཏང་གི་འཐུས་མིའི་ལས་སྒྲུབ་ཁང”དང་ཏང་ཡོན་གྱིས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པའི་ཉིན་མོ། སྤོ་སྒུལ་ཞབས་ཞུ་བྱ་བའི་ས་ཚིགས་སོགས་རྣམ་པ་མང་བའི་བྱ་འགུལ་སྤེལ་ཏེ་གཞིས་ཁུལ་སྡོད་དམངས་ལ་སྟབས་བདེ་ཞིང་ཕན་ནུས་མཐོ་བའི་ཞབས་ཞུ་སྒྲུབ་པ་ཤེས་རྗེས། ཝང་ཀོ་ཧྲིན་གྱིས་གཞིས་ཁུལ་གྱི་བྱ་བའི་བྱེད་ཐབས་ལ་གདེང་འཇོག་གནང་། ཁོས་བཤད་རྒྱུར། དམངས་ལ་ཞབས་ཞུ་སྒྲུབ་པར་ལྷག་བསམ་ཕུལ་དགོས་ལ། བྱ་བའི་ཕན་འབྲས་ལེན་པར་དངོས་དོན་ལ་བརྩོན་དགོས། “སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་བྱེད་དགོས་ཤིང་། ལྷག་པར་དུ་དངོས་དོན་ལ་འབད་པ་དེ་བྱེ་བྲག་གི་བྱ་བའི་སྟེང་མངོན་དགོས། ནམ་ཡིན་ཡང་མང་ཚོགས་ཀྱི་ཚབ་བྱས་ནས་ཧུར་བརྩོན་གྱིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དོན་བཟང་བསྐྲུན་པ།། དཀའ་ངལ་སེལ་དགོས་ཤིང་། ཏང་དང་སྲིད་གཞུང་གི་དྲོད་འཁོལ་དེ་མང་ཚོགས་ཀྱི་སེམས་སུ་སྐྱེལ་དགོས།

གཞིས་ཁུལ་ཏང་ཀྲི་པུའུ་བྱ་འགུལ་ཁང་དུ་གཞིས་ཁུལ་གྱི་ཏང་ཡོན་བཅུ་ལྷག་གིས་ཏང་གི་སློབ་ཁྲིད་ལ་ཉན་བཞིན་ཡོད་པ་དང་། ཝང་ཀོ་ཧྲིན་ཡང་ཁོ་ཚོའི་གྲས་སུ་ཞུགས་ཏེ་གཞིས་ཁུལ་གྱི“སློབ་སྦྱོང་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། མཚོ་སྔོན་གྱི་འགྱུར་ལྡོག་དང་ཏང་དང་སྲིད་གཞུང་གི་བྱ་བའི་ཐད་ཀྱི་བསམ་ཚུལ་ལ་ཉན་རྗེས། ཝང་ཀོ་ཧྲིན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། དེ་རིང་ནི་ང་མཚོ་སྔོན་དུ་ཡོང་ནས་ལས་རྐང་དུ་ཞུགས་པའི་ཉིན་དང་པོ་ཡིན་ལ། ངས་ཐོག་མར་མཚོ་སྔོན་མི་དམངས་ལ་འབྱོར་ཐོ་འགོད་དགོས། མེས་རྒྱལ་ལ་དགའ་བར་ཐོག་མར་མེས་རྒྱལ་གྱི་ས་ཁུལ་སོ་སོར་དགའ་དགོས་ལ། ཏང་གི་སྐད་ཆར་ཉན་པ་ལ་ཏང་གི་བཀོད་སྒྲིག་མཐའ་དག་དང་ལེན་བྱེད་དགོས། ཏང་རྩ་འཛུགས་ཀྱིས་ང་རང་མཚོ་སྔོན་དུ་མངག་པ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་དོན་དངོས་སྒྲུབ་པར་མངག་པ་ཡིན། ངས་འགན་འཁྲི་དང་དུ་བླངས་ནས་ཚང་མ་དང་མཉམ་དུ་མཚོ་སྔོན་ལ་ཞབས་ཞུ་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་རྣམས་ཀྱིས་བདེ་སྐྱིད་དང་མཛེས་སྡུག་གི་འཚོ་བ་རོལ་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན་ཟེར། ཁོས་གུང་ཁྲན་ཏང་ཡོན་གྱིས་ངེས་པར་དུ་དངོས་དོན་ལ་བརྩོན་དགོས་པ་དང་རྫུན་བཅོས་ཅུང་ཙམ་ཡང་བྱེད་མི་རུང་། ཏང་ཡོན་གྱི་འགོ་ཁྲིད་ལས་བྱེད་ཞིག་ལ་མཚོན་ན་ཏང་གི་དགོངས་དོན་སེམས་སུ་བཅིངས་ནས་བློ་སེམས་རྩེ་གཅིག་གིས་མང་ཚོགས་ལ་དོན་དག་སྒྲུབ་པ་དང་ས་གནས་ཀྱི་འཕེལ་རྒྱས་འགྱུར་ལྡོག་ལ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་པར་བསྟན།

དེའི་རྗེས་སུ། ཝང་ཀོ་ཧྲིན་གྱིས་ཏང་ཡོན་རྒན་པ་དང་དཀའ་ངལ་ཅན་གྱི་ཏང་ཡོན་ལ་འཚམ་འདྲི་བྱས།

ཝང་ཞའོ་དང་ཝང་ཡུས་པའོ་བཅས་མཉམ་དུ་རྟོག་ཞིབ་དུ་ཕེབས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།