མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོའི་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གཙོ་གནད་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་པའི་བསམ་འཆར དང་། ཀྲུང་གོ་གསར་བཟོའི་ཉིས་སྟོང་བཅོ་ལྔ་ལོའི་མཚོ་སྔོན་གྱི་འགུལ་སྐྱོད་ཇུས་གཞི། ཞིང་ཆེན་སྲིད་གཞུང་སྡེ་ཁག་གི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་མཚམས་སྦྱོར་ཞབས་ཞུའི་ལས་དོན་དཀར་ཆག་སོགས་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་རིམ་པ་སོ་སོའི་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་ཐབས་ཇུས་གཏིང་ཟབ་ཏུ་སྤེལ་བའི་བྱ་བ་དངོས་འབེབས་དོན་འཁྱོལ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལས་རིམ་གྱི་བཅོས་སྒྱུར་བྱ་བ་ལ་འཕེལ་རྒྱས་དང་ཐོད་བརྒལ་ཆེན་པོ་བྱུང་ཡོད། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་ལས་ཁུངས་ཁག་གིས་མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་བཅོས་སྒྱུར་མཁྲེགས་གཏོར་བྱ་བ་ཡར་ལྡན་དུ་སྤེལ་བཞིན་པའི་ལོ་ཞིག་ཀྱང་ཡིན་པས། བཅོས་སྒྱུར་འགན་འཁྲི་ཧ་ཅང་ལྗིད། ས་གནས་དང་ལས་ཁུངས་ཁག་གིས་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་བྱ་བ་ལ་འཆར་འགོད་དང་གཅིག་གྱུར་བཀོད་སྒྲིག་བྱས་ནས། མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་བཅོས་སྒྱུར་གྱི་གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་། རྒྱལ་དབང་ཐོན་ཁུངས་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ལ་ཡར་སྐུལ་གཏོང་བའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཐབས་ཇུས་ལག་བསྟར་དངོས་འབེབས་བྱེད་པ། བར་མ་ཆད་པའི་སྒོ་ནས་སྲིད་གཞུང་གི་འགན་ནུས་བསྒྱུར་བའི་བྱ་བ་ཡར་ལྡན་དུ་སྤེལ་བ། ནོར་ཁྲལ་དངུལ་ལོར་ལམ་ལུགས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ། རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་སོགས་ཀྱི་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་པ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་ལུགས་གསར་བ་འཛུགས་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། སྤྱི་ཚོགས་ལས་དོན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་པ་བཅས་ལ་འབད་མཐར། བཅོས་སྒྱུར་གྱི་ཟབ་ཚད་དང་ཁྱབ་ཚད་སྔར་ལས་ཇེ་རྒྱས་ཇེ་ཟབ་ལ་གཏོང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམིགས་འབེན་ཁ་ཕྱོགས་དང་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། འོས་འགན་གཙང་སྒྲུབ་དང་བྱ་བའི་འགན་ཁུར་དངོས་འབེབས་དོན་འཁྱོལ་བྱེད་པ། གནད་འགག་ལས་རིམ་དམ་པོར་འཛིན་པ། གནད་ཕིགས་བྱ་བ་ལག་ལེན་ལ་འདེབས་པར་ཤུགས་རྒྱག་པ་བཅས་བྱེད་པར། དངོས་སུ་བཏོན་ཡོད་པའི་བཅོས་སྒྱུར་ཇུས་གཞི་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། ཇུས་གཞི་གཏན་འབེབས་བཟོ་བར་ཕན་པ་ཆེ་བའི་བཅོས་སྒྱུར་ཐབས་ཇུས་དམ་འཛིན་བྱས་ཏེ། ད་ལོའི་ལས་རིམ་གཙོ་བོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་གྱི་སྒུལ་ཤུགས་ལམ་ལུགས་སྔར་ལས་སྟོབས་ལྡན་དུ་གཏོང་བར། བཅོས་སྒྱུར་ལམ་ལུགས་བདེ་ཐང་ཞིག་དང་སྐྱོན་བསྒྱུར་ནུས་པའི་ལམ་ལུགས་ཤིག་འཛུགས་དགོས་ཤིང་། ཚད་རིམ་མཐོན་པོའི་སྟེང་ནས་ལས་རིམ་ཁག་སོ་སོ་བཅོས་སྒྱུར་ནང་ཞུགས་པ་དང་། བཅོས་སྒྱུར་ལ་མ་སྐུལ་དང་བླངས་ཀྱིས་རྒྱབ་སྐྱོར་བྱེད་པའི་བརྩོན་སེམས་ལ་སྐུལ་འདེད་བཏང་བ་བརྒྱུད། བཅོས་སྒྱུར་བྱ་བ་སྤེལ་བར་ཕན་པའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པར་འབད་པ་བྱེད་དགོས།

གྲོས་ཚོགས་སྟེང་དབུལ་ཐར་མཁྲེགས་གཏོར་དང་ཁྱད་ལྡན་ཞིང་ཕྱུགས་ལས་རིགས། ཆུ་བེད་འཕེལ་རྒྱས། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ལས་དོན་སོགས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཆེད་དོན་ལས་གཞིའི་འཆར་འགོད་ལ་གྲོས་ཞིབ་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།