མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། «རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བའི་སྐོར་གྱི་གྲོས་གཞིའི»དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བར་ཤུགས་སྣོན་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ«མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པའི་བརྡ་སྦྱོར»སྤེལ་ནས། ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་ཁྲིད་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་སུམ་ཅུ་དེའི་ཁྲོད་ཞུགས་པའི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་རྒྱུའི་ཐག་བཅད།

མཉམ་འབྲེལ་གྲོས་ཚོགས་ཀྱི་འགན་ནུས་གཙོ་བོ་ནི། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བར་གཅིག་གྱུར་མཐུན་སྦྱོར་བྱེད་རྒྱུ་དེ་ཡིན་ལ། གཙོ་བོར་ཞིབ་འཇུག་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བའི་སྲིད་ཇུས་བྱེད་ཐབས་དང་ལོ་ཧྲིལ་བོའི་བྱ་བའི་འཆར་གཞི་བཟོས་ཏེ། ཞིང་ཆེན་སྲིད་གཞུང་ལ་གྲོས་གཞི་འདོན་པ་དང་། ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བར་རྩ་འཛུགས་མཐུན་སྦྱོར་དང་མཛུབ་སྟོན་བྱས་ནས། སྡེ་ཁག་བར་གྱི་བརྗེ་རེས་དང་གཞོགས་འདེགས་ལ་སྐུལ་འདེད་བྱེད་པ་དང་། འགན་འཁྲི་ལས་འགན་བགོ་བཤའ་ཞིབ་མོ་བྱེད་པ། སྲིད་ཇུས་སྦྲེལ་མཐུད་དང་བྱ་བའི་སྦྲེལ་མཐུད་ལ་ཤུགས་སྣོན་པ། སེམས་ཁུར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་དང་ཞིབ་བཤེར་བྱེད་པ་དང་། དུས་ལྟར་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་དེ་རེད།

མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་པ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པ་དང་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བྱ་བར་སེམས་ཁུར་དང་མཐོང་ཆེན་བྱེད་བཞིན་པ་མཚོན་ཐུབ་པས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུ་དང་ཐོན་ཁུངས་མཉམ་བསྲེས་བྱས་ནས། རང་འགན་རང་ཁུར་དང་ལས་བགོ་མཉམ་ལས། མཉམ་དུ་དོ་དམ་བྱེད་པ། སྤྱོ་ཁོག་ནས་སྤེལ་བའི་བྱ་བའི་རྣམ་པ་བཟང་བོ་གྲུབ་པར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།