མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱ་བ་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ནས། དུས་རིམ་སྔོན་མའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱ་བ་གཙོ་བོ་སྣ་ཚོགས་སྤེལ་བའི་གནས་ཚུལ་ལ་སྤྱི་སྡོམ་བྱས་པ་དང་། གོ་རིམ་རྗེས་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྱང་སྔ་མོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ད་ལོའི་ཚུན་ནས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་གི་གསུང་བཤད་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གཙོ་བོ་སྣ་ཚོགས་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར།

ཚོགས་ཐོག་ནས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག ར་བའི་ཁུལ་གྱིས་བསམ་བློར་སྔར་ལས་གཅིག་གྱུར་དང་ངོས་ཟིན་ཇེ་མཐོར་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གཙོ་བོ་ལག་བསྟར་བྱེད་དགོས། མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་བཤེར་ཆེན་པོ་ཁྲོད་རྙེད་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱས་ནས། ལོ་མཇུག་བར་དུ་དག་ཐེར་ལེགས་བཅོས་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་དགོས། ཁྱིམ་གཞི་མཛེས་བསྒྱུར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། མུ་མཐུད་དུ་རོང་འབྲོག་ཁུལ་གྱི་ཁོར་ཡུག་མུ་འབྲེལ་བཅོས་སྐྱོང་དང་གཙང་གསུམ་འབྱུང་ཡུལ་རོང་འབྲོག་ཁུལ་གྱི་གཙང་དག་བཟོ་སྐྲུན། གནས་སྐོར་ལྗོངས་རྒྱུ་ཁུལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་ལྕགས་ལམ་འགྲམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་བཅས་ལག་བསྟར་བཟང་བོ་བྱས་ཏེ། མཁར་གྲོང་གི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། ཁྲིམས་སྲོལ་ལྟར་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་འཛུགས་སྐྲུན་ལས་གཞིའི་དག་ཐེར་ལེགས་བཅོས་བྱ་བ་དུས་ལྟར་ཡོངས་འགྲུབ་བྱེད་པ་དང་། ཞིབ་བཤེར་ནན་མོ་བྱེད་པ། རེ་རེ་བཞིན་དག་ཐེར་ལེགས་བཅོས་ཇུས་གཞི་བཟོས་ནས། དུས་ལྟར་དག་ཐེར་ལེགས་བཅོས་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།། 

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།