ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཚེས་བཅུ་གཉིས་ནས་ཚེས་བཅུ་གསུམ་ཉིན་བར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་ལས་རང་ཞིང་གི་བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐུལ་འདེད་གཏོང་བ་དང་ཡུན་རིང་བདེ་འཇགས་ཡོང་བའི་ལག་བསྟར་བསམ་འཆར་དང་། མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་བཅས་ས་མཚམས་ས་ཁུལ་དར་སྤེལ་དང་བདེ་འཇགས་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བའི་བསམ་འཆར། མུ་མཐུད་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བྱ་བ་དངོས་འབེབས་བཟང་བོ་བྱེད་པའི་བསམ་འཆར་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། འབྲེལ་ཡོད་མགོ་ལོག་གི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་སའི་བྱ་བ་དམ་འཛིན་བཟང་བོ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་མགོ་ལོག་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཉིན་གཉིས་ཀྱི་རིང་ལ་ཧའོ་ཕིན་སོགས་མགོ་ལོག་ཁུལ་རྟ་བོར་ས་ཁུལ་དུ་ཐོན་ནས། གཙོ་བོ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དབུལ་སྐྱོར་དང་དམངས་ཚིས་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས། ར་རྒྱ་གྲོང་རྡལ་ནས་ཧའོ་ཕིན་གྱིས་ཧ་ཤ་སྡེ་བའི་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་གི་རླངས་འཁོར་ལས་སའི་བཟོ་གྲྭར་རྟོག་ཞིབ་བྱས་ནས། རླངས་འཁོར་ལས་སའི་བཟོ་གྲྭའི་ཕན་ཁེ་ལས་སྡེ་དམངས་ཀྱིས་རྒན་གསོ་ཉེན་ཚབ་སྤྲོད་པ་དང་། སྨན་བཅོས་འགན་སྲུང་སོགས་འགྲོ་སོང་བྱིན་པ་མ་ཟད། ད་རུང་སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཚང་མའི་ཡོང་སྒོ་ཇེ་མང་དུ་བཏང་ཞིང་། ཧའོ་ཕིན་གྱིས་སྡེ་བ་དེས་ར་རྒྱ་གྲོང་རྡལ་གྱི་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པ་རྒྱབ་རྟེན་བྱས་ནས་ཤུགས་ཆེན་པོས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཆེས་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད། མགོ་ལོག་གི་དབུལ་ཕོངས་མི་གྲངས་ཀྱི་བསྡུར་ཚད་མཐོ་ཞིང་། དབུལ་སྐྱོར་མཁྲེགས་གཏོར་ལས་འགན་ལྗིད། རིགས་བགར་མཛུབ་སྟོན་བྱས་ཏེ། སྲིད་ཇུས་ལག་བསྟར་གནད་ལ་ཁེལ་བར་བྱེད་དགོས་པ་དང་། སྲིད་གཞུང་གིས་གཅིག་གྱུར་སྒོས་ལམ་ཤར་གཏོང་བྱེད་ཐུབ་པ་དང་། བདེ་འཇགས་ཀྱི་འཐུང་ཆུ། གློག་བཀོལ་བ་དང་། འཕྲིན་གཏོང་། སྡོད་ཁང་སོགས་གནད་དོན་ཐག་གཅོད་དགོས་པ་དང་། གཞི་རྩའི་སྟེང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་དགོས་པ་མ་ཟད། དམིགས་ཡུལ་རང་བཞིན་གྱི་སྒོ་ནས་རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱ་བར་ཤུགས་སྣོན་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཚོང་རའི་གསར་སྐྲུན་ལ་ཁ་ཕྱོགས་ཏེ། ཚོང་གཉེར་རང་བཞིན་གྱི་ཡོང་སྒོ་དང་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་པའི་ཞོར་དུ། ས་རུང་འབྲེལ་ཡོད་སྲིད་ཇུས་བར་གྱི་འབྲེལ་མཐུད་ཆ་ཚང་ལ་ཞིབ་འཇུག་བྱེད་དགོས་པ་དང་། སྔར་ལས་བཟང་བོའི་སྒོ་ནས་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་སྒོས་བཏོན་ཏེ། དཀའ་ཁག་མང་ཚོགས་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས་ཟེར།

མིའི་ཐབས་ཀྱིས་འདེབས་འཛུགས་བྱས་པའི་གཅིག་བསྡུས་མུ་འབྲེལ་གྱི་རྟ་བོར་རྩྭ་སར་ཐོན་ནས། ཧའོ་ཕིན་གྱིས་ལོ་མང་བོའི་རིང་ལ་སྐྱེས་པའི་འཚོ་རྩྭའི་གནས་ཚུལ་ལ་ཞིབ་བལྟ་བྱས་པའི་ཞོར་དུ། འབྲོག་པ་མང་ཚོགས་དང་མཉམ་དུ་བྱམས་བརྩེ་ངབ་ཁ་བརྡ་བྱས་པ་མ་ཟད། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཁུལ་དང་རྫོང་གི་འགན་ཁུར་བར་བཤད་རྒྱུར། མགོ་ལོག་ནི་གཙང་གསུམ་འབྱུང་ཡུལ་གྱི་སྲོག་ཤིང་ས་ཁུལ་ཡིན་པ་དང་། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གནད་དོན་ལ་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་པ་དང་མཉམ་སྤྱོད་བྱེད་པར་རྒྱུན་འཁྱོངས་བྱས་ནས། ཕྱོགས་མང་བོའི་ཐད་ནས་ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་པར་སྔར་ལས་བྱས་རྗེས་འཇོག་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཧའོ་ཕིན་གྱིས་མགོ་ལོག་གནམ་གྲུ་ཐང་དང་། མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། རྨ་ཆེན་རྫོང་དང་མཁར་གྲོང་གི་རྨང་གཞི་སྒྲིག་ཆས་སོགས་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས། རྒྱུ་སྤུས་ཁག་ཐེག་དང་བདེ་འཇགས་ཡིན་པའི་ཆ་རྐྱེན་འོག་ཏུ་བཟོ་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། སྔ་མོ་ནས་བཟོ་སྐྲུན་སྤེལ་ཚར་ཏེ་བཀོལ་སྤྱོད་བྱེད་པར་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱུ་ནི་རང་ཞིང་གི་བོད་ཁུལ་གྱི་བྱ་བ་གལ་ཆེན་ཞིག་ཡིན་པས། ད་ལྟའི་འཛུགས་སྐྲུན་ལས་གཞི་དམ་འཛིན་བྱེད་དགོས་པའི་ཞོར་དུ། སྔར་ལས་འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས་དང་དེ་མིན་སློབ་གསོ། འཕྲོད་བསྟེན། རིག་གནས་སོགས་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་གྱི་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ལ། སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད་དང་རྒྱུ་སྤུས་ཇེ་མཐོར་གཏོང་དགོས། ལས་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། དངུལ་གཏོང་དང་ཨར་ལས་བཟོ་སྐྲུན་ལས་ཁུངས་དང་དེ་མིན་ས་དེའི་སྲིད་གཞུང་གིས་ཕན་འབྲས་ལྡན་པའི་སྒོ་ནས་གཞོགས་འདེགས་དང་མཉམ་ཤུགས་བཏོན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། ཨར་ལས་བཟོ་སྐྲུན་གྱི་ཁོར་ཡུག་ཅུང་བཟང་བོ་ཞིག་སྐྲུན་དགོས་པ་མ་ཟད། ནང་སྒོས་སུ་ས་དེའི་མང་ཚོགས་མང་པོ་ལས་ཀར་ཞུགས་པ་དང་། ས་དེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཡར་སྐུལ་བྱེད་པ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ། དཔལ་འབྱོར་ཕན་འབྲས་དང་། སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་སོགས་སྐྱེ་ལྡན་གཅིག་གྱུར་བྱ་བ་མངོན་འགྱུར་བྱེད་དགོས། རྟོག་ཞིབ་བྱེད་སྐབས་ཧའོ་ཕིན་གྱིས་བསྟན་དོན། མགོ་ལོག་ཁུལ་གྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”འཕེལ་རྒྱས་སུ་གཏོང་བར་ཞིབ་འཇུག་དང་འཆར་གཞི་འཐེན་བཞིན་པའི་སྒང་ཡིན་པས། ངེས་པར་དུ་དུས་ལྟར་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་དགོས་པ་དང་། མེས་རྒྱལ་གཅིག་གྱུར་བྱ་བ་ཁོང་དུ་ཆུད་པར་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་ཤུགས་སྣོན་ས་ཇེ་དྲག་ཏུ་གཏོང་བ། དམངས་ཚིས་ཇེ་ལེགས་སུ་གཏོང་བ་དང་། མི་སེམས་བཀུག་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མགོ་འཛུགས་ས་དང་རྐང་འཛུགས་ས་ཁོང་དུ་ཆུད་པར་བྱེད་པ། སྐྱེ་ཁམས་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་པ་དང་། ཁྱད་ཆོས་དང་ཁྱད་སྟོབས་ཐོན་ལས་གོང་འཕེལ་དུ་གཏོང་བ། སྔ་ནུར་སྒོས་དབུལ་ཕོངས་ལས་ཐར་བའི་བྱ་བ་མངོན་འགྱུར་བྱེད་པ། གཞི་རྩའི་སྤྱི་སྤྱོད་ཞབས་ཞུ་འགན་སྲུང་བྱེད་དགོས་པ་དང་། ཕྱི་ཕྱོགས་སྒོ་འབྱེད་དང་མི་གཞུང་བརྗེ་རེས་བྱ་བ་རྒྱ་བསྐྱེད་པ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྟོབས་ཤུགས་འབུལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་དང་བོད་ཁུལ་ཡུན་རིང་བརྟན་འཇག་ཡོང་བ། དཔལ་འབྱོར་སྤྱི་ཚོགས་མགྱོགས་ཤིང་མྱུར་ལ། སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བ། རིགས་སོ་སོའི་མི་དམངས་ཀྱི་དངོས་པོའི་དཔལ་ཡོན་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། སྐྱེ་ཁམས་ཁོར་ཡུག་ཅུང་བཟང་བོ་ཞིག་སྐྲུན་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།