ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་ཁྲའོ་ཡང་གིས་སྲིད་གྲོས་ཨུ་ཡོན་འགའ་དང་འབྲེལ་ཡོད་ཆེད་མཁས་པ་འགའ་ཁྲིད་དེ་ཞིང་ཆེན་གནས་སྐོར་ཅུའུ་ལ་སོང་ནས། དགུན་དུས་ཀྱི་གནས་སྐོར་ས་ཁུལ་གསར་སྤེལ་སྔོག་འདོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལས་རིགས་ཁྱོན་ཡོངས་ནས་དོ་མཉམ་འཕེལ་རྒྱས་ཡོང་བར་བྱེད་པའི་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱས།

མཚོ་སྔོན་གྱི་དགུན་དུས་གནས་སྐོར་གནས་བབ་ལ་རྒྱུས་ལོན་ཡང་དག་ཡོང་ཆེད། ད་ལོའི་ལོ་མགོར། ལོ་ཁྲའོ་ཡང་གིས་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འགའི་སྣེ་ཁྲིད་དེ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་དགུན་དུས་གནས་སྐོར་གསར་སྤེལ་གྱི་སྐོར་ནས་འབྲེལ་ཡོད་ཆེད་མཁས་པའི་བཞུགས་མོལ་བརྗེ་རེས་ཚོགས་འདུ་བསྡུས་ནས། ཆེད་མཁས་པ་རྣམས་ཀྱིས་མཚོ་སྔོན་གྱི་གནས་སྐོར་གནས་བབ་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བཟང་བོ་བྱས།

ལོ་ཁྲའོ་ཡང་གིས་བཞུགས་མོལ་ཚོགས་འདུའི་སྟེང་དུ་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་དང་། མཚོ་སྔོན་པོའི་མཐའ་འཁོར་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ནས་གྲོས་གཞི་སྒྲུབ་པའི་གནས་ཚུལ་གྱི་སྙན་ཞུར་ཉན་རྗེས། ལས་ཁུངས་གཉིས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཉེ་བའི་ལོ་འདི་ཚོར་མཚོ་སྔོན་གྱི་གནས་སྐོར་བྱ་བ་མགྱོགས་མྱུར་ངང་འཕེལ་བ་དང་བསྟུན་ནས། གནས་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་འཕྲོག་བཞིན་ཡོད་ནའང་། གནས་སྐོར་ལས་རིགས་དར་ཆེ་བའི་ཞིང་ཆེན་གཞན་པ་དང་བསྡུར་ན། ད་དུང་གེགས་རྐྱེན་དང་གནད་དོན་མི་ཉུང་བ་ཞིག་གནས་པས། དགུན་དུས་ཀྱི་གནས་སྐོར་བྱ་བ་ནི་ཞིང་ཆེན་ཡོངས་ཀྱི་གནས་སྐོར་བྱ་བ་ལམ་ལ་འགྲོ་ཐུབ་མིན་གྱི་གནད་འགག་ཡིན་ཟེར།

ལོ་ཁྲའོ་ཡང་གིས་ནན་གྱིས་བསྟན་དོན། གནས་སྐོར་ལས་རིགས་ནི་ཐོན་ལས་མུ་ཁྱུད་རིང་གྲས་ཁྲོད་ཀྱི་ལས་སྒོ་གལ་ཆེན་ཞིག་ཡིན་པས། རིག་གནས་དང་ཞིང་ལས། ནགས་ལས། ལུས་རྩལ། འགྲིམ་འགྲུལ་སྡེ་ཁག་བཅས་དང་གཞོགས་འདེགས་ཤུགས་ཆེན་བྱས་ཏེ། འདྲེས་སྦྱོར་གྱི་འཕེལ་རྒྱས་རྣམ་པ་གྲ་རྒྱས་པོ་ཞིག་གྲུབ་པར་འབད་དགོས། མཚོ་སྔོན་གྱི་གནས་སྐོར་ལས་རིགས་ལ་དོ་སྣང་བྱེད་མཁན་དང་མོས་པ་ཡོད་མཁན་མང་པོ་བསྡུ་རུབ་བྱས་ནས། གནས་སྐོར་ལས་རིགས་ཀྱི་ཐད་གཏོང་བའི་མ་དངུལ་སྔར་ལས་ཇེ་མང་དུ་གཏོང་དགོས། གནས་སྐོར་ལས་རིགས་ཀྱི་ཐོན་ཁུངས་སྔོག་འདོན་བྱེད་ཆེད། ཅིས་ཀྱང་རང་བྱུང་མཛེས་ལྗོངས་དང་རང་བྱུང་ཐོན་ཁུངས་དུས་བཞིའི་ཆོས་ཉིད་དང་བསྟུན་ནས་བཀོལ་སྤྱོད་བྱེད་དགོས་ལ། དགུན་དུས་སུ་འཁྱགས་དར་དང་ཁ་བའི་ཐོན་ཁུངས། དམངས་སྲོལ། རོལ་རྩེད། ཡུལ་བབ་དང་བསྟུན་པའི་སྒོ་ནས་གནས་སྐོར་ལས་རིགས་ཀྱི་སྣ་གྲངས་སྔར་ལས་ཇེ་མང་དུ་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།