མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྩེ་ཁོག་རྫོང་གིས་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་བྱ་བ་ནན་ཏན་གྱིས་བསྒྲུབས།

བཀྲ་ཤིས་དོན་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-31 12:10

IMG_6632.JPG

གསར་འགོད་པས་རྩེ་ཁོག་རྫོང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དཔའ་རྡོ་ལ་བཅར་འདྲི་བྱེད་ཀྱིན་པ།

IMG_6680.JPG

གསར་འགོད་པས་རྩེ་ཁོག་རྫོང་དཔྱི་ས་ཞང་དར་དམར་སྡེ་བའི་སྡེ་དཔོན་རྟ་མགྲིན་ཐར་ལ་བཅར་འདྲི་བྱེད་ཀྱིན་པ།

IMG_6647.JPG

འབྲེལ་ཡོད་མགོ་ཁྲིད་ཀྱིས་གསར་འགོད་པར་དཔྱི་ས་ཞང་གིས་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་བྱེད་རིང་གི་པར་རིས་ངོ་སྤྲོད་བྱེད་ཀྱིན་པ།

IMG_6672.JPG

དཔྱི་ས་ཞང་དར་དམར་སྡེ་བའི་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་བྱས་པའི་སྲང་བར་གྱི་རྣམ་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་རྫོང་ཡོངས་ཀྱི་ཞང་གྲོང་དྲུག་གི་སྡེ་བ་དྲུག་ལ་མ་དངུལ་སྒོར་བྱེ་བ་བཞི་ས་ཡ་དྲུག་འབུམ་དྲུག་ཁྲི་བཞི་ལྷག་བཏང་ནས་ཁྱིམ་ཚང་སྟོང་གཉིས་ལ་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་བྱས་ཤིང་། ད་ལྟ་འཛུགས་སྐྲུན་ལས་འགན་གྱི་བརྒྱ་ཆའི་དགུ་བཅུ་ཡོངས་འགྲུབ་བྱས་ཡོད།

    རྩེ་ཁོག་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དག་གིས་དམངས་ཕན་གྱི་བྱ་བ་འདི་གཙིགས་ཆེན་དུ་བཟུང་ནས་བཀོད་སྒྲིག་ཞིབ་ཚགས་དང་ནན་ཏན་གྱིས་བསྒྲུབས་པར་རྩེ་ཁོག་རྫོང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དཔའ་རྡོས་བཤད་རྒྱུར།“ ད་ལོ་རྩེ་ཁོག་རྫོང་ལ་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་གྱི་རྣམ་གྲངས་ཐོན་པ་ནས་སྡེ་བ་རེ་རེའི་འཛུགས་སྐྲུན་གྱི་འཆར་གཞི་འགོད་སྟངས་དང་། གཉིས་ནས་ལས་གཞིའི་སྒྲུབ་སྟངས། གསུམ་ནས་ལས་གཞི་འདིའི་རྒྱུ་སྤུས་འཛིན་སྟངས། བཞི་ནས་ལས་གཞི་འདིའི་མ་དངུལ་དོ་དམ་བྱེད་སྟངས་བཅས་ཀྱི་ཕྱོགས་ནས་བྱ་བ་ལེགས་པར་སྒྲུབ།”

    རྩེ་ཁོག་རྫོང་གི་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་བྱེད་པར་མགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱས་ཏེ་ཞིང་ཆེན་གཞན་པར་རྟོག་དཔྱོད་དང་ས་གནས་ཀྱི་ཁྱད་ཆོས་འབུར་ཐོན་གྱིས་ཉིན་ཤུག་ཞང་གསེར་ལུང་སྡེ་བ་དང་། བོན་རྒྱ་ཞང་གཡུ་ལྕམ་སྡེ་བ།དཔྱི་ས་ཞང་དར་དམར་སྡེ་བ།ཆ་སྐོར་ཞང་སྒྲོག་འོབ་སྡེ་བ། རྩེ་ཆུ་གྲོང་བརྡལ་བྱ་དར་སྡེ་བ། དམེ་ཤུལ་གྲོང་བརྡལ་ཤྭ་རྫོང་སྡེ་བ་བཅས་ལ་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་བྱས།

    དཔྱི་ས་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བསམ་འགྲུབ་ཚེ་རིང་གིས་ཁོ་ཚོའི་ཞང་གིས་འཛུགས་སྐྲུན་གྱི་ལས་གཞི་ག་འདྲ་བྱས་ཏེ་བསྒྲུབས་པའི་སྐོར་ནས་ བཤད་རྒྱུར། “དཔྱི་ས་ཞང་གིས་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་ལ་མཚོན་ན་ལུག་གསར་གྱི་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་ནས་ལས་འགོ་བརྩམས་ཏེ་ལུག་གསར་གྱི་ཟླ་བཅུ་བའི་ཚེས་བཅོ་ལྔའི་བར་མཇུག་རྫོགས་པར་བྱས། སྤྱིའི་མ་དངུལ་གཏོང་ཚུལ་སྒོར་ས་ཡ་བརྒྱད་འབུམ་གཅིག་ཁྲི་ལྔ་བཏང་བ་དང་། འདིའི་ནང་མང་ཚོགས་ཀྱི་རང་གྲུབ་མ་དངུལ་སྒོར་ས་ཡ་གཅིག་འབུམ་གསུམ་ཁྲི་གཅིག་ཡོད། ང་ཚོའི་ཞང་ལ་འཛུགས་སྐྲུན་བྱེད་དགོས་པའི་ཁྱིམ་ཚང་བརྒྱ་དང་གོ་གཅིག་ཡོད།”

    དཔྱི་ས་ཞང་དར་དམར་སྡེ་བའི་སྡེ་དཔོན་རྟ་མགྲིན་ཐར་གྱིས་ཁོ་ཚོ་སྡེ་བའི་ད་ལོའི་འཛུགས་སྐྲུན་གྱི་ངོས་ནས་ཁང་བའི་གྱན་མིག་དང་ཕྱི་ར་བསྐོར་ཚུལ་སོགས་ཀྱི་ཐད་ནས་བཤད་རྒྱུར། “ད་ལོ་ངེད་སྡེ་བའི་ཁྱིམ་ཚང་གཅིག་ཡང་མ་ལུས་མ་བསྐྱུར་བར་ཁང་རྙིང་ཞིག་གསོ་དང་ཁང་གསར་ལས་པ་སོགས་བྱས། ལྷག་པར་མང་ཚོགས་ཀྱི་རང་གྲུབ་མ་དངུལ་ཡང་ཁྱིམ་ཚང་རེ་རེའི་ངལ་རྩོལ་ཁྲོད་བཀུག་ནས་འཕྲོད་པར་བྱས་པ་ཡིན།”

    ད་ལོ་རྩེ་ཁོག་རྫོང་གི་མཐོ་སྒང་གི་མཛེས་སྡུག་ཞང་གྲོང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་མོད་ལྔ་སྐྱོང་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དག་ལ་དམིགས་བསལ་གྱི་རོགས་སྐྱོར་གནང་སྟེ་སྡོད་ཁང་གསར་བ་ལས་ཀྱིན་ཡོད།

    བཀྲ་ཤིས་ནི་དཔྱི་ས་ཞང་དར་དམར་སྡེ་བའི་ལྔ་སྐྱོང་ཁྱིམ་ཚང་ཞིག་ཡིན་ལ། ཁོང་ཚང་ལ་ད་ལོར་རྫོང་དང་ཞང་གི་རྟོག་ཞིབ་བརྒྱུད་ཁང་མིག་གསར་བ་གྱན་གསུམ་ལས་ཏེ་དྲོད་སྐྱིད་ཀྱི་སྡོད་ཁང་ཡོད་པར་བྱས། “ངེད་ཚང་ལ་མཚོན་ན་སྡེ་བའི་ནང་གི་མེད་པོའི་གྲས་ཡིན་པས་ཞང་དང་རྫོང་གི་ཞིབ་བཤེར་བརྒྱུད་ཁང་བ་གསར་བ་ཞིག་ལས། ཁང་བ་ལས་པ་ངོ་མའི་བཟང་གི”ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག