མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་དོན་ཆེན་གསུམ་ལ་རྟེན་འབྲེལ་ཞུས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 18:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་བཀོལ་སྤྱོད་བྱེད་མགོ་བརྩམས་པའི་ཟི་ལིང་མེ་འཁོར་ས་ཚིགས་ནས་གཟབ་རྒྱས་ཆེ་བའི་མཛད་སྒོ་བསྡུས་ཏེ། མཚོ་སྔོན་གྱི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་དོན་ཆེན་གསུམ་ལ་རྟེན་འབྲེལ་ཞུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་གྱི་བཀའ་འགྱུར་ཕུག་ལམ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་དང་། གསར་དུ་ལས་པའི་ལན་ཀྲིག་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཟི་ལིང་ས་ཚིགས་ཀྱི་སྒུལ་འཁོར་ཚན་ཁག་བཀོལ་སྤྱོད་བྱེད་མགོ་བརྩམས་པ། ན་གོར་མོ་ནས་ཁུའུ་ཨར་ལའེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་བཅས་ཁྱབ་སྒྲོག་བྱས།

ཀྲུང་གོ་ལྕགས་ལམ་སྤྱིའི་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལུའུ་ཁྲུན་ཧྥང་དང་། ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་སོ་སོར་གཏམ་བཤད། ཞིང་ཆེན་གྱི་མགོ་ཁྲིད་པ་རིན་ཆེན་རྒྱལ་དང་། ཝང་ཅན་ཅོན། ལོ་ཡུས་ལིན། ཝང་ཞའོ་ཆིན། ལིས་ཉིན། སྟག་འབུམ་ཐར། དབྱང་ཞོང་ཨེ། ལིས་ཅ་ཆི་སོགས་མཛད་སྒོར་ཞུགས། མཱ་ཧྲོན་ཆིན་གྱིས་མཛད་སྒོར་མགོ་འཛིན་བྱས།

ཟི་ལིང་མེ་འཁོར་ས་ཚིགས་ཀྱི་ཐང་ཆེན་ནས་ལོ་ཧོས་ཉིན་སོགས་འཛུགས་སྐྲུན་པའི་འཐུས་མི་རྣམས་ཀྱི་ཁྲོད་དུ་སོང་ནས། ཁོ་ཚོ་དང་ལག་འཇུ་བྱས་ནས་བྱམས་བརྩེའི་ངང་ཁ་བརྡ་བྱས། ལོ་ཧོས་ཉིན་གྱིས་ཚང་མར་བཤད་རྒྱུར། ལོ་སར་ཐོན་ལ་ཉེ་བས། ང་ཚོས་བློ་མཐུན་རྣམས་བརྒྱུད་དེ་འཐབ་ཕྱོགས་དང་པོར་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་པའི་འཐུས་མི་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན། ཁྱེད་ཚོ་མཚོ་སྔོན་གྱི་འཛུགས་སྐྲུན་ལོ་རྒྱུས་དང་། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་སྟེང་འགོད་སྲིད་ཟེར།

ཧའོ་ཕིན་གྱིས་གཏམ་བཤད་སྐབས་བསྟན་དོན། མཚོ་སྔོན་ནི་ནུབ་རྒྱུད་སྐམ་སའི་དབུས་རྒྱུད་དུ་ཆགས་ཡོད་པ་དང་། མགྱོགས་མྱུར་སྒོས་ལྕགས་ལམ་གཙོར་བྱས་པའི་འགྲིམ་འགྲུལ་ལམ་ཆེན་འཛུགས་སྐྲུན་བྱེད་རྒྱུ་དེར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ལོ་མང་བོའི་རིང་ལ། ཀྲུང་གོ་ལྕགས་ལམ་སྤྱིའི་ཀུང་ཟིའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་གྱིས་ལྕགས་ལམ་འཛུགས་སྐྲུན་ཐད་ནས་བསྟུད་མར་གྲུབ་འབྲས་ཆེན་པོ་བླངས། ལན་ཀྲིག་དང་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཡོངས་འགྲུབ་བྱས་པ་དེས། མཚོ་སྔོན་མགྱོགས་བགྲོད་ཀྱི་དུས་རབས་སུ་བསླེབས་པ་མཚོན་ཡོད་ལ། བཀའ་འགྱུར་ཕུག་ལམ་བཀོལ་སྤྱོད་བྱས་པ་དེས། མཚོ་བོད་ལྕགས་ལམ་གྱི་མྱུར་ཚད་ཇེ་མཐོར་བཏང་བ་དང་། བདེ་འཇགས་རང་བཞིན་དང་གཏན་འཇགས་རང་བཞིན་མངོན་གསལ་གྱིས་མཐོར་འདེགས་བྱས། བཟོ་སྐྲུན་དེ་གཉིས་ལག་བསྟར་བྱས་པའི་ཚུན་ནས། འཛུགས་སྐྲུན་སྡེ་ཁག་སོ་སོ་དང་རྒྱ་ཆེའི་འཛུགས་སྐྲུན་མི་སྣ་ཚོས་གྲང་ངར་ཆེ་ཞིང་མཁའ་དབུགས་དཀོན་པ། ས་ཁམས་རྙོག་འཛིང་ཆེ་བ། བཟོ་སྐྲུན་འཛུགས་སྐྲུན་བྱེད་དཀའ་བ་སོགས་ཀྱི་འགྲན་རྩོད་གདོང་གིས་བསུས་པ་དང་། ལྕགས་ལམ་འཛུགས་སྐྲུན་ཐད་ཀྱི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཁྱད་དུ་བསལ་ཏེ། ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། ལྕགས་ལམ་འཛུགས་སྐྲུན་ཐད་ཀྱི་བྱས་རྗེས་གལ་ཆེན་དེ་མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་འགོད་སྲིད་ཟེར།

ཧའོ་ཕིན་གྱིས་མཇུག་མཐར་བསྟན་དོན། 2015ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ཡོངས་སུ་མཇུག་བསྡུ་བའི་ལོ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པའི་ལོ་ཞིག་ཀྱང་ཡིན་པས། ང་ཚོས་རྒྱལ་ཁབ་ལྕགས་ལམ་འཛུགས་སྐྲུན་གྱིས་ནུབ་རྒྱུད་ཀྱི་ལྕགས་ལམ་འཛུགས་སྐྲུན་གཙོར་འཛིན་པའི་གོ་སྐབས་དམ་འཛིན་བྱས་ཏེ། མྱུར་དུ་ན་གོར་མོ་ནས་ཁུའུ་ཨར་ལའེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པ་དང་། ན་གོར་མོ་ནས་ཁུའུ་ཨར་ལེ་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་བར་མཚམས་ཀྱི་ལྕགས་ལམ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་མགོ་རྩོམ་པར་བརྩོན་ལེན་བྱས་ནས། ཤར་ནུབ་ཕར་ཚུན་འགྲོ་འོང་གི་ལྕགས་ལམ་སྔར་ལས་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག