མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་ཁྲིམས་སྐྱོང་སྲིད་དབང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ཡར་སྐུལ་དང་ཞིབ་འཇུག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-06 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཁྲིམས་ལྟར་སྲིད་འཛིན་བྱ་བ་གཉེར་བར་ཡར་སྐུལ་དང་ཁྲིམས་སྐྱོང་སྲིད་དབང་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་སྐོར་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གིས་མེད་པར་བཏང་བ་དང་ལེགས་སྒྲིག་བྱས་པའི་སྲིད་འཛིན་ཞིབ་མཆན་སོགས་ཀྱི་དོན་དག་གི་དཀར་ཆག་ལ་གྲོས་ཞིབ་བྱས་པ་མ་ཟད། ད་དུང་དེང་རབས་ལས་རིགས་ལག་རྩལ་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་སྐབས་འཕྲལ་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་དོན་དག་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཁྲིམས་ལྟར་སྲིད་འཛིན་པ་ཟབ་སྤེལ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་ནི། «ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན»དང«མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཆོད་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»གྱི་ནང་དོན་གལ་ཆེན་ཡིན་ལ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འགན་སྲུང་ཆེན་པོ་ཡིན་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྲིམས་ལྟར་སྲིད་འཛིན་པ་ཟབ་སྤེལ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་དང་དམ་དུ་སྦྲེལ་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་རེ་བར་དམ་དུ་སྦྲེལ་བ། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཧུར་བརྩོན་ཆེན་པོས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཐབ་ཇུས་ལས་འགན་ལ་དམ་དུ་སྦྲེལ་ནས། མཚོ་སྔོན་གྱི་གནས་བབ་དངོས་ནས་རྐང་འཛུགས་པ་དང་། བཅོས་སྒྱུར་གསར་སྐྲུན་དང་ཧུར་ཐག་འབད་འཐབ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་སྐབས་སུ། འགན་ནུས་ཚན་རིག་དང་མཐུན་ལ་འགན་དབང་ཁྲིམས་གཏན་ཡིན་པ། ཁྲིམས་འཛིན་གཟབ་ནན་ཡིན་པ། མངོན་གསལ་དྲང་གཞག་དང་སྤྱོད་གཙང་ཕན་མཐོ། ཁྲིམས་བརྩི་ཡིད་རྟོན་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་ཞིག་ཕལ་ཆེར་འཛུགས་སྐྲུན་བྱས་ཚར་དགོས་ཟེར།

གྲོས་ཚོགས་སྟེང་ཕྱོགས་བཅུའི་བྱ་བའི་ལས་འགན་སྣ་སུམ་ཅུ་གཏན་ཁེལ་གསལ་བོ་བྱས་པ་སྟེ། དེ་དག་གཙོ་བོ་ནི་སྲིད་གཞུང་གི་འགན་ནུས་ཁྲིམས་ལྟར་སྒོ་ཀུན་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། ཁྲིམས་ལྟར་ཇུས་ཆོད་གཏན་འབེབས་བྱེད་པའི་སྒྲིག་སྲོལ་འཛུགས་པ། སྲིད་གཞུང་གི་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་སུ་གཏོང་བ། སྲིད་འཛིན་ཁྲིམས་སྐྱོང་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། གཟབ་ནན་དང་ཚད་ལྡན། དྲང་གཞག དཔལ་ཡོན་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་པ། སྲིད་འཛིན་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྲིད་དོན་ཡོངས་སྒྲོག་ཁྱོན་ཡོངས་ནས་སྤེལ་བ། ཁྲིམས་ལྟར་ཁེ་དབང་སྲུང་བ་དང་འགལ་བ་འདུམ་སྒྲིག་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་ནུས་པའི་འཛུགས་སྐྲུན་སྤེལ་བ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བཅས་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག