མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཚེས་གསུམ་ཉིན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས་པ་དང་། སང་ལོ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འགྲིམ་འགྲུལ་ལས་གཞི་ཆེན་པོའི་འཆར་འགོད་གནས་ཚུལ་ལ་ཞིབ་འཇུག་བྱས་པ་དང་ཇུས་གཞི་བཏོན། ཧའོ་ཕིན་གྱིས་གནས་བབ་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། སྔར་ལས་འབད་བརྩོན་ཆེན་པོས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མྱུར་དུ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་། གཏན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་སྟོབས་དང་ལྡན་པའི་རྒྱབ་རྟེན་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་སྨྱན་མང་གཟུགས་སྤྱད་དེ། ད་ལོའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་དང་། སང་ལོ་དང“ལོ་ལྔའི་འཆར་གཞི་གསུམ་པའི”དུས་སྐབས་ཀྱི་མཚོ་སྔོན་གྱི་མྱུར་བགྲོད་གཞུང་ལམ་དང་། གཞུང་ལམ་གཙོ་བོ། ཞིང་སྡེའི་གཞུང་ལམ། འགྲུལ་སྐྱེལ་དང་དངོས་སྐྱེལ་ས་ཚིགས། ཆུ་ཐོག་སྐྱེལ་འདྲེན། ས་གནས་ལྕགས་ལམ་སོགས་ལས་གཞིའི་འཆར་འགོད་གནས་ཚུལ་ཡར་ཞུ་བྱས། འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ད་ལོར་འགྲིམ་འགྲུལ་དངུལ་གཏོང་ལས་འགན་ཚད་ལས་བརྒལ་ཏེ་ཡོངས་འགྲུབ་བྱས་པ་དང་། ལས་གཞི་གལ་ཆེན་སྐོར་ཞིག་ལ་གྲུབ་འབྲས་མངོན་གསལ་བླངས་བ་གོ་རྗེས། ཧའོ་ཕིན་གྱིས་ཁོ་ཚོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཁོ་ཚོས་ཡང་འབད་བསྐྱར་འབད་དང་བབ་བསྟུན་མདུན་སྐྱོད་བྱས་ནས། རྣམ་པ་གསར་བའི་འོག་གྲུབ་འབྲས་གསར་བ་ལེན་དགོས་ཟེར། སང་ལོ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་གཞིར་ནན་ཏན་སྒོས་བལྟས་ཤིང་ཞིབ་མོར་ཉན་ནས་ཞིབ་འདྲི་བྱས་པ་དང་། ལས་གཞིའི་དགོས་ངེས་རང་བཞིན་ལ་ཞིབ་བསྡུར་བྱས་ནས། ལས་གཞི་སྤེལ་བའི་གོ་རིམ་ཁྲོད་དུ་ད་རུང་དཀའ་ཁག་དང་། གནས་པའི་གནད་དོན་ཁ་ཤས་ཞིབ་མོར་དྲིས་པ་མ་ཟད། རྟོག་ཞིབ་བྱེད་རོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་གནད་དོན་ཐག་གཅོད་པའི་བསམ་ཕྱོགས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནི་མཚོ་སྔོན་ཞིང་ཆེན་གྱིས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ་དང་། འབྱོར་འབྲིེང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ངེས་པར་དུ་དེང་སྐབས་ཀྱི་བྱ་བར་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་ཏེ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་དྲ་རྒྱ་འཛུགས་སྐྲུན་དང་། གཞུང་ལམ་ཉམས་གསོ་སྲུང་སྐྱོབ། དོ་དམ་བཅས་བྱེད་པའི་སྒྲིག་སྲོལ་བཅོས་སྒྱུར། འགྲིམ་འགྲུལ་འཛུགས་སྐྲུན་དངུལ་གཏོང་རྣམ་པ་གསར་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་བརྗོད་གཞི་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱས་ནས། ནན་ཏན་སྒོས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ལས་གཞི་གལ་ཆེན་དང་བཟོ་སྐྲུན་གལ་ཆེན། སྲིད་ཇུས་གལ་ཆེན་ལ་འཆར་གཞི་བཀོད་དེ། སྟོབས་ཤུགས་ཡོད་རྒུས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་བདེ་འཇགས་དང་། ཕན་འབྲས་མཐོ་བ། མཐུན་སྦྱོར། གསར་སྐྲུན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག