མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཱ་ཀྲི་ཝེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་རྣམས་ཁྲིད་དེ་བཤས་རའི་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-02 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་ཡིས་ཞིང་ཆེན་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས་ཁྲིད་དེ་ཞིང་ཆེན་ཚོང་དོན་ཐིན་དང་ཟི་ལིང་གྲོང་ཁྱེར། མཚོ་ལྷོ་ཁུལ་བཅས་སུ་སོང་ནས། བཤས་རའི་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས།

ལྟ་ཞིབ་ཚན་ཆུང་གིས་ཞིང་ཆེན་ཚོང་དོན་ཐིན་དང་ཟི་ལིང་གྲོང་ཁྱེར། མཚོ་ལྷོ་ཁུལ་སྲིད་གཞུང་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་ཉན་པའི་རྨང་གཞིའི་སྟེང་། ཟི་ལིང་ཞིན་ཡོན་ཤ་རིགས་ལས་སྣོན་ཚད་ཡོད་ཀུང་ཟི་དང་ཟི་ལིང་པའེ་ཏི་ཤ་རིགས་ཚད་ཡོད་ཀུང་ཟི། མཚོ་ལྷོ་ཁུལ་མཚོ་སྔོན་པོ་དབྱི་སི་ལན་ཤ་ལས་ཚད་ཡོད་ཀུང་ཟི། མཚོ་ལྷོ་ཁུལ་ཀྲུའུ་ཡའོ་ཕྱུགས་ལས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་སུ་སོང་ནས་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཁེ་ལས་ཀྱི་བཙོག་ཆུ་ཐག་གཅོད་དང་བཤས་རའི་གད་སྙིགས་མེད་པར་བཟོ་བ་སོགས་ཀྱི་སྒྲིག་ཆས་བཀོལ་སྤྱོད་གནས་ཚུལ་ལྟ་ཞིབ་གསལ་བོ་བྱས་པ་མ་ཟད། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་ལས་གནས་ན་ལས་ཀ་བྱེད་བཞིན་པའི་ལས་བཟོ་བ་དང་བཞུགས་མོལ་བརྗེ་རེས་བྱས།

མཱ་ཀྲི་ཝེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ཟོག་བཤའ་བའི་ལས་རིགས་དོ་དམ་སྡེ་ཁག་གི་བྱ་བ་དང་ཕྱུགས་ཟོག་བཤས་རའི་ཁོར་ཡུག་སྲུང་སྐྱོབ་དང་། བཅོས་སྐྱོང་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཕྱུགས་ཟོག་བཤས་རའི་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱ་བ་དེ། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་དང་འབྲེལ་བ་ཡོད་པས། མུ་མཐུད་དུ་ལྟ་རྟོག་སྐུལ་འདེད་དང་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། བྱ་བ་དེ་མུ་མཐུད་ནས་ཚད་ལྡན་དུ་བསྒྱུར་དགོས་པ་དང་། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། བཤས་ར་འཛུགས་པའི་ཐད་འཆར་འགོད་ནན་མོ་བྱེད་པ་དང་། མིག་སྔའི་ཐར་ཐོར་རང་བཞིན་གྱི་ཚོང་གཉེར་དེ་རིམ་བཞིན་གཅིག་བསྡུས་ཀྱི་ཚོང་གཉེར་བྱེད་པར་བསྒྱུར་ནས། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ཟོག་བཤས་ར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་དང་ཁོར་ཡུག་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག