མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ལ། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། ཁྲིམས་འཛིན་ཆོས་ཉིད་ལ་བརྩི་སྲུང་དང་དོན་དངོས་དང་འབྲེལ་ཅི་ཐུབ་བྱེད་པ། ཅི་ནུས་སྒོས་ལག་ལེན་དངོས་ལ་འཚོལ་ཞིབ་བཅས་བྱས་ཏེ། ཧུར་བརྩོན་ཆེན་པོས་ཉམས་མྱོང་བསྡུ་ལེན་དང་བྱ་བའི་བྱེད་ཕྱོགས་བསྡུ་ལེན་བྱས་པ་བརྒྱུད། བཅོས་སྒྱུར་ཚོད་སྒྲུབ་ཀྱི་བྱ་བར་གསར་སྐྲུན་གྱི་ཆ་རྐྱེན་འདོན་སྤྲོད་གང་ལེགས་བྱ་ཐུབ་དགོས་ཟེར།

 ལིག་ཀྲི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཏུང་ཁེ་ཅོན་དང་ཝང་ཞའོ་ཡུང་གཉིས་ཀྱིས་སོ་སོར་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བར་བསམ་འཆར་བཏོན། ད་ལོའི་ཟླ་གསུམ་པའི་ཟླ་མཇུག་ནས་བཟུང་། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་གྱི་ཚོད་ལྟའི་རྟེན་གཞིར་མཚོ་སྔོན་ཞིང་ཆེན་བདམས་པས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་བྱས་ནས། འབྲེལ་ཡོད་ལས་ཁུངས་ཁག་གི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་ཏུ། «མཚོ་སྔོན་ཞིང་ཆེན་ནས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་རྟེན་གཞི་འཛུགས་པའི་སྐོར་གྱི་བྱ་བའི་ཇུས་གཞི»ཞེས་པ་དངོས་སུ་གྲུབ་སྟེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་དཔྱད་ཞིབ་ཆོག་མཆན་ཐོབ་ནས། ཀྲུང་དབྱང་གིས་ཞིབ་བཤེར་ཆོག་མཆན་ཐོབ་པར་སྙན་ཞུ་ཕུལ། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་དབྱང་གིས་དངོས་སུ་ཇུས་གཞི་དེར་མཆོག་མཆན་བཀོད་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལྟར། མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ། མཚོ་ཤར་གྲོང་ཁྱེར་གྱི་མིན་ཧི་རྫོང་། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར། མགོ་ལོག་ཁུལ་རྨ་ཆེན་རྫོང་བཅས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་བཅས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་གྱི་ཚོད་ལྟའི་ས་ཁུལ་དུ་བདམས་ནས། མཚོ་སྔོན་ཞིང་ཆེན་ཡོངས་སུ་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་གྱི་བྱ་གཞག་སྤེལ་བར་རྨང་གཞི་བརྟན་པོ་བཏིངས།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ལེགས་བཅོས་དང་འཕེལ་རྒྱས་འགྲོ་བའི་བྱ་གཞག་ལ་ཐད་ཀར་འབྲེལ་བའི་ལས་སྒོ་རླབས་ཆེན་ཞིག་ཡིན་པར་མ་ཟད། དེ་ནི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་འབྲེལ་བའི་ལས་དོན་གཙོ་བོ་ཞིག་ཀྱང་ཡིན་པས། ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ས་ཁུལ་ལ་བདམས་ཟིན་པའི་ས་གནས་དང་འབྲེལ་ཡོད་ལས་ཁུངས་ཁག་གིས། ཡང་དག་པའི་བཅོས་སྒྱུར་གྱི་དགོངས་དོན་ཟབ་མོ་ཡིད་ལ་ངེས་པར་བྱས་ཏེ། ས་ཁུལ་བཅོས་སྒྱུར་གྱི་བྱེད་ཐབས་ལ་ཞིབ་འཇུག་ཟབ་སྤེལ་བྱས་ནས། ཡང་དག་པ་དང་མ་ནོར་བ། བབ་བརླིང་གཟབ་ནན་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་གྱི་བྱ་བ་སྤེལ་བར་འབད་འབུངས་ཧུར་བསྐྱེད་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག