ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཨུ་ཡོན་ཁང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ཁང་གཉིས་ཀྱིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་། རྒྱལ་ཡོངས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྲོས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་བྱས་ནས། སྒོ་ཀུན་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་སྤྱིའི་བླང་བྱ་དམ་པོར་སྤེལ་ཏེ། ཁྲིམས་སྐྱོང་གི་འདུ་ཤེས་དང་བཅོས་སྒྱུར་གསར་སྐྲུན། ཡང་དག་པའི་ཁ་ཕྱོགས་བཅས་རྒྱུད་འཛིན་ལྷོད་མེད་བྱས་ནས། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་འཚམ་པའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་བྱ་དགོས་ཟེར།
ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིས་རིན་ཧྥིན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཏུང་ཁེ་ཅོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོ་ཝང་ཞའོ་ཡུང་། དྲག་ཆས་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོ་ཡང་ཞུང་ཨེ་བཅས་གྲོས་ཚོགས་ལ་ཞུགས། །
རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།