མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་མཁན་ཚོར་ཐུག་འཕྲད་བྱས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་མཁན་ཚོར་སྙིང་ཉེ་བའི་ངང་ཐུག་འཕྲད་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་བསམ་བློ་གལ་ཆེན་དུ་བཟུང་ནས། མི་དམངས་གཙོ་ཡིན་པའི་གསར་རྩོམ་གྱི་ཁ་ཕྱོགས་རྒྱུན་འཛིན་ལྷོད་མེད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་ངེས་ཤེས་ཟབ་གསལ་བོ་ཡོད་པ་བཅས་བྱས་ཐོག འཚོ་བར་ཟབ་ཞུགས་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་འཚམ་པོ་ཡོང་བ་བྱས་ཏེ། དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་དགོངས་པ་མངོན་པར་མཚོན་ཞིང་། བབ་བརླིང་གཟབ་ནན་དང་བློ་སེམས་ཞིབ་མོ་ཡི་སྒོ་ནས་མི་དམངས་ཀྱི་ནང་སེམས་ལ་འོད་སྣང་འགྲེམ་ཐུབ་པའི་བརྩམས་ཆོས་ཕུལ་བྱུང་འགྲུབ་པར་འབད་འབུངས་བྱ་དགོས་ཟེར།

ལོ་ཧོས་ཉིན་གྱིས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་ཐོབ་མཁན་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རིག་རྩལ་བྱ་བ་གཉེར་མཁན་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས། ཁོས་བསྟན་དོན། ལོ་ལྔའི་ནང་དུ་ཐེངས་གཅིག་ལ་སྟེར་གྱིན་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་འདིས། ཐོག་མཐའ་བར་གསུམ་ཀུན་ཏུ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་རིག་རྩལ་བྱ་བ་གཉེར་མཁན་ཚོའི་སེམས་ཤུགས་ཆེར་བསྐྱེད་བྱས་ཡོད། ཐེངས་འདིར་དགའ་རྟགས་ཐོབ་པའི་བརྩམས་ཆོས་རྣམས་ཀྱིས་རྣམ་པ་མི་འདྲ་ལ་ཟུར་ལེན་ཕྱོགས་མི་མཚུངས་བའི་སྒོ་ནས། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མ་འོངས་བའི་འཚོ་བར་བཅངས་པའི་འཚོལ་སྙེག་དང་ཕུགས་བསམ། སྤྲོ་སེམས་བཅས་མངོན་པར་མཚོན་ཡོད་པ་མ་ཟད། ད་དུང་རྒྱ་ཆེ་བའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་གཉེར་མཁན་ཚོའི་དཀའ་སྡུག་གི་རྔུལ་ཆུ་དང་བྱ་བའི་གྲུབ་འབྲས་བཅས་ཅིག་ཅར་མཚོན་ཐུབ་ཡོད་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། མཚོ་སྔོན་གྱི་རིག་རྩལ་གསར་རྩོམ་ལ་མཐོ་སྒང་རང་གི་ཁྱད་ཆོས་ཅིས་ཀྱང་ཡོད་དགོས་པ་མ་ཟད། ད་དུང་དུས་རབས་ཀྱི་ཁྱད་ཆོས་ཀྱང་ཚང་དགོས་པ་ཡིན། འདས་མ་ད་གསུམ་གང་ལ་མཚོན་ནས་བཤད་ཀྱང་། མཚོ་སྔོན་ལ་རང་ས་གནས་ཀྱི་རིག་གནས་པ་དང་རྩོམ་པ་པོ་ཕུལ་བྱུང་འགའ་ཡོད་པས། གསར་རྩོམ་གྱི་བྱ་བར་གཟབ་ནན་གྱི་རྣམ་འགྱུར་འཛིན་རྒྱུ་ནི་གལ་ཆེན་པོ་ཡིན་ཟེར།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། ཐུན་མོང་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་ཀྱིན་པའི་དེང་གི་དུས་འདིར། རིག་རྩལ་ལས་རིགས་ལ་སྔར་མེད་འཕེལ་རྒྱས་ཀྱི་ཞིང་ས་རྒྱ་ཆེན་པོ་ཞིག་ཡོད་པས། རིགས་སོ་སོའི་ཏང་ཨུ་ཡིས་རིག་རྩལ་ལས་དོན་ལ་གཙིགས་ཆེན་བླ་ལྷག་བྱེད་དགོས། རིག་རྩལ་གྱི་རྨང་གཞིའི་ཤེས་བྱར་སློབ་སྦྱོང་དང་། རིག་རྩལ་བྱ་བའི་ཆོས་ཉིད་ལ་བརྩི་སྲུང་། རིག་རྩལ་རང་ངོས་ཀྱི་འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། རིག་རྩལ་ལས་ཁུངས་ཀྱི་མགོ་ཁྲིད་མ་ནོར་བའི་ངང་བསྐོ་འཇོག་བྱེད་པ་བཅས་ལ་བརྩོན་ནས། རིག་རྩལ་ལས་དོན་ལ་དགའ་ཞིང་རིག་རྩལ་ལས་དོན་ལ་གཞོལ་བའི་འཇོན་ཐང་མི་སྣའི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་འཛུགས་སྐྲུན་བྱས་ཏེ། ཤན་སྟོབས་ཆེ་ལ་ཤུགས་རྐྱེན་ཡོད་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་འགའ་ཐོན་པར་ཧུར་ཐག་འབད་འཐབ་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག