མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་བ་ཞོར་ལས་པར་གླ་ཕོགས་སྟེར་བར་ཆེད་དོན་ཞིབ་བཤེར་བྱེད་བཞིན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཞིང་བ་ཞོར་ལས་པར་གླ་ཕོགས་སྟེར་བའི་གནས་ཚུལ་ལ་ཆེད་དོན་མཉམ་འབྲེལ་ཞིབ་བཤེར་བྱེད་བཞིན་ཡོད།

ཆེད་དོན་ཞིབ་བཤེར་དེ2014ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ནས་མགོ་མ་བརྩམས་ཏེ2015ལོའི་ཟླ་གཉིས་པའི་ཚེས་དྲུག་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། གཙོ་བོར་ཞིང་བ་ཞོར་ལས་པ་བའི་སྡེ་ཁག་སོ་སོ་དང་། ཁྱད་པར་དུ་བཟོ་སྐྲུན་དང་གཏེར་རི། འགྲིམ་འགྲུལ། བཟའ་བཏུང་ཞབས་ཞུ། ཁེ་ལས་འབྲིང་ཆུང་དང་ཚོང་ལས་གཉེར་བཞིན་པའི་མི་སྒེར་བཅས་ཀྱིས་གླ་ཕོགས་སྟེར་བའི་འབྲེལ་ཡོད་གཏན་ཁེལ་ལྟར་དུ་ཞིང་བ་ཞོར་ལས་པར་གླ་ཕོགས་སྟེར་བ་དང་ཞིང་བ་ཞོར་ལས་པའི་བར་ངལ་རྩོལ་གན་རྒྱ་འཇོག་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་ཞིབ་བཤེར་བྱ་བས་འགན་འཁྲི་དང་ལས་འགན་གསལ་བོར་བགོས་ཏེ། ཆད་ཡོད་པའི་གླ་ཕོགས་དུས་ལྟར་དང་ཚད་ལོངས་བའི་སྒོ་ནས་སྟེར་བར་ཁག་ཐེག་བྱེད་རྒྱུ་རེད། ལས་རིགས་དོ་དམ་སྡེ་ཁག་གིས་འཛུགས་སྐྲུན་ལས་གཞིའི་གླ་ཕོགས་སྟེར་བར་ལྟ་སྐུལ་དོ་དམ་གྱི་འགན་ཁུར་ནས། བཟོ་སྐྲུན་ཁེ་ལས་ཀྱིས་དུས་ལྟར་ཞིང་བ་ཞོར་ལས་པར་གླ་ཕོགས་སྟེར་བར་སྐུལ་འདེད་བྱེད་རྒྱུ་ཡིན་པ་དང་། འཛུགས་སྐྲུན་སྡེ་ཁག་གིས་རང་གི་བཟོ་སྐྲུན་ལས་གཞི་དེ་ཞོར་ལས་པ་བཀོལ་བའི་ཐོབ་ཐང་མེད་པའི་མི་སྒེར་ལ་འགན་ལེན་བྱེད་དུ་བཅུག་ནས་ཞིང་བ་ཞོར་ལས་པར་གླ་ཕོགས་ཆད་ཚེ། འཛུགས་སྐྲུན་སྡེ་ཁག་གིས་གླ་ཕོགས་ཆད་པའི་གནད་དོན་ཐག་གཅོད་དགོས་ལ། བཟོ་སྐྲུན་འགན་གཙང་ལེན་བྱས་པའི་སྤྱིའི་ཁེ་ལས་ཀྱིས། འཛུགས་སྐྲུན་ལས་གཞིའི་གླ་ཕོགས་སྟེར་བའི་ཐད་ནས་སྤྱིའི་འགན་ཁུར་དགོས།

དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས། ས་ཆ་སོ་སོས་གླ་ཕོགས་སྟེར་བའི་བྱ་བའི་ཐད་ཀྱི་བརྡ་ཁྱབ་སྤེལ་བའི་ལམ་ལུགས་དང་ཆད་པ་གཅོད་པའི་ལམ་ལུགས་བཙུགས་ནས། ཞིང་བ་ཞོར་ལས་པའི་གླ་ཕོགས་ཚད་ལོངས་བ་དང་དུས་ལྟར་སྟེར་བའི་གནས་ཚུལ་མྱུར་དུ་སྒྲོག་དགོས་ལ། གླ་ཕོགས་མི་སྟེར་བ་དང་། ཕན་ཚུན་བར་ཁག་དཀྲི་བྱེད་པ་དང་གླ་ཕོགས་སྟེར་བའི་བྱ་བར་གཞོགས་འདེགས་མི་བྱེད་པའི་སྡེ་ཁག་ཡོད་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དུ་ཆད་པ་དང་ཐག་གཅོད་བྱས་ནས། གླ་ཕོགས་སྟེར་བའི་བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་བྱེད་དགོས། འགན་ནུས་ལག་བསྟར་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་པའི་ཁེ་ལས་དང་མི་སྒེར་ཡོད་ཚེ། ལས་རིགས་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱས་ཏེ། ཁེ་ལས་ཀྱི་ཡིད་རྟོན་ཚད་རིམ་ལ་གདེང་འཇོག་བྱེད་པའི་ཆ་རྐྱེན་གལ་ཆེན་དུ་བརྩི་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག