མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་བུད་མེད་ཚོ་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་པར་སྣེ་ཁྲིད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། «རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གིས་སྟོན་དུས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟབ་སྤེལ་བྱས་ནས་སྟོན་དུས་དང་དགུན་དུས་ཀྱི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐོར་གྱི་བརྡ་སྦྱོར»གྱི་བཀོད་སྒྲིག་ལྟར་དུ། མཚོ་ནུབ་སོག་རིགས་བོད་རགས་རང་སྐྱོང་ཁུལ་གྱིས་རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དེ་མཁར་གྲོང་གི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་གཙོ་བོར་བརྩིས་ཏེ། ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ཧུར་ཐག་གིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་འཕྲོད་བསྟེན་ནད་འགོག་བྱ་བའི་ཁྲོད་ཞུགས་པར་རྩ་འཛུགས་དང་སྣེ་ཁྲིད་བྱེད་པ་དང་། ཟུང་འབྲེལ་བཞི་འབུར་དུ་ཐོན་པར་བྱས་ཏེ། སྟོན་དུས་དང་དགུན་དུས་ཀྱི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པར་ནུས་པ་གལ་ཆེན་བཏོན།

 དེ་ལས་ཟུང་འབྲེལ་བཞི་ནི། གཅིག དྲིལ་སྒྲོག་སློབ་གསོའི་བྱ་བ་དང་ཟུང་འབྲེལ་བྱེད་པ་སྟེ། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དྲིལ་སྒྲོག་ཡོལ་རས་འགེལ་བ་དང་དྲིལ་སྒྲོག་ཡིག་ཆ་འགྲེམ་པ། སློབ་སྦྱོང་རྩ་འཛུགས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་ལ་དུས་ལྟར་ཤུགས་ཡོད་པའི་སྒོ་ནས་དྲིལ་སྒྲོག་བྱས་ནས། རྒྱ་ཆེའི་བུད་མེད་དང་དེའི་ཁྱིམ་ཚང་མཁར་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་ཞུགས་པར་སྣེ་ཁྲིད་བྱས། གཉིས། མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་བྱ་འགུལ་དང་ཟུང་འབྲེལ་བྱེད་པ་སྟེ། རྒྱ་ཆེའི་བུད་མེད་ཚོས་སྐྱེ་ཁམས་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་ན། ཁོར་ཡུག་གི་བཙོག་ཞན་ལ་བཅོས་སྐྱོང་བྱེད་པ་ནས་མགོ་བརྩམས་ནས། ཁྱིམ་ཚང་གི་ཁོར་ཡུག་གཙང་སྦྲ་དང་ཁྱིམ་ཚང་གི་ཁོར་ཡུག་ལྗང་བསྒྱུར་དང་མཛེས་བསྒྱུར་བྱེད་པའི་ཞོར་དུ། ཕུན་་སུམ་ཚོགས་པའི་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་ཏེ། དཔལ་ཡོན་དང་འཆམ་མཐུན་གྱི་ཞིང་ཁྱིམ་འཛུགས་སྐྲུན་དང་བདེ་ཐང་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་ཤིག་ཆགས་པར་བྱས། གསུམ། བུད་མེད་དཔའ་བོའི་དང་བླངས་པའི་ཞབས་ཞུ་བྱ་འགུལ་དང་ཟུང་འབྲེལ་བྱེད་པ་སྟེ། བུད་མེད་ཀྱི་ཁྱིམ་ཚང་ཞེས་པའི་བྱ་འགུལ་བེད་སྤྱད་དེ། བུད་མེད་དང་བླངས་པ་ཞིང་སྡེ་འབྲོག་ཁུལ་དང་། གྲོང་གསེབ་ཀྱི་སྡོད་ཁུལ་དུ་སོང་ནས་བདེ་ཐང་ཤེས་བྱའི་གསོ་སྦྱོང་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར། ཁྱིམ་གཞི་ལྗང་བསྒྱུར་དང་མཛེས་བསྒྱུར་བྱེད་པ། ཐན་ཉུང་དང་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་སོགས་ཀྱི་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ་ནས། བུད་མེད་ཚོའི་ལྟ་བ་བསྒྱུར་བ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཚོ་བ་དང་ཐོན་སྐྱེད་རྣམ་པ་བསྒྱུར་བ། སྡེ་བ་དང་ཁྱིམ་ཚང་གི་ཁོར་ཡུག་ཡག་བསྒྱུར་བྱེད་པ་བཅས་ལ་སྣེ་ཁྲིད་བྱས། བཞི། ཁྱིམ་ཚང་གི་རིག་གནས་བྱ་འགུལ་དང་ཟུང་འབྲེལ་བྱེད་པ་སྟེ། ཁྱིམ་མིའི་བསམ་བློའི་གོ་རྟོགས་དང་ཚན་རིག་རིག་གནས་བྱང་ཚད་མཐོར་འདེགས་བྱེད་རྒྱུ་དེ་གཙོར་བྱས་ནས། གསུམ་བརྒྱད་བུད་མེད་དུས་ཆེན་དང་མ་ཡུམ་དུས་ཆེན། དྲུག་གཅིག་དུས་ཆེན་སོགས་བེད་སྤྱད་དེ་རིགས་མི་འདྲ་བའི་འགྲན་སྡུར་དང་ལུས་སྦྱོང་བྱ་འགུལ་སྤེལ་ནས། རྒྱ་ཆེའི་ཁྱིམ་མི་ཡོངས་ལ་བདེ་ཐང་གི་འཚོ་བ་རོལ་སྟངས་ཀྱི་འདུ་ཤེས་ཆགས་པར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག