མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་རྐང་འཆར་འགོད་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་རྐང་འཆར་འགོད་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། འབྲེལ་ཡོད་སྡེ་ཁག་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་ལས་དོན་གཙོ་གྲས་ལ་ལས་རྐང་བྱ་བ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ནས། འབྲེལ་ཡོད་བྱ་བར་བཀོད་སྒྲིག་གང་ལེགས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྱིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་རྐང་འཆར་འགོད་ཀྱི་བྱ་བ་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་ལྡན་པའི་འཆར་འགོད་གལ་ཆེན་ཞིག་ཡིན་པས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་རྐང་བྱ་བར་འཆར་འགོད་ལེགས་པོ་འཐེན་རྒྱུ་ནི་མཚོ་སྔོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ཕན་པའི་ལས་གཞི་རླབས་ཆེན་ཞིག་ཡིན། ལས་རྐང་འཆར་འགོད་བྱ་བ་སྤེལ་བ་ནས་བཟུང་། འབྲེལ་ཡོད་སྡེ་ཁག་གི་འབད་བརྩོན་འོག་ཏུ། སྤྱིའི་ཆ་ནས་ཆེད་དོན་འཆར་འགོད་བཅུ་གཉིས་དང་ཞིབ་འཇུག་བྱ་གཞི་གལ་ཆེན་སོ་དྲུག་ལ་ཞིབ་འཇུག་དོན་སྨིན་བྱུང་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས་ཏེ། མ་འོངས་བའི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད་ནའང་། ལས་སྒོ་སྤེལ་བའི་ཁྲོད་ད་དུང་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་དང་། ལས་སྒོ་སྤེལ་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་འབད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་རྐང་བྱ་བར་འཆར་འགོད་ལེགས་པོ་འཐེན་རྒྱུ་ནི་རིམ་པ་སོ་སོའི་སྲིད་གཞུང་གི་ཕྲག་སྟེང་དུ་བབས་པའི་གཡོལ་མེད་གྱི་འགན་འཁྲི་ཞིག་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་མཐོང་ཆེན་བླ་མེད་གནང་ནས། རྩ་འཛུགས་ཞིབ་ཚགས་བྱ་དགོས་པ་མ་ཟད། ཚན་རིག་གི་ཐབས་ལ་བརྟེན་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལ་དཔྱད་ཞིབ་བྱས་པའི་རྨང་གཞིའི་སྟེང་དུ། མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་དམ་པོར་སྦྲེལ་ནས། ཀྲུང་དབྱང་གི་སྲིད་ཇུས་ཅི་ཡོད་མཚོ་སྔོན་གྱི་མ་འོངས་ལོ་ལྔའི་འཕེལ་རྒྱས་ཁྲོད་ལག་བསྟར་དངོས་འབེབས་བཟང་བོ་ཡོང་བར་འབད་དེ། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ། རིམ་སྤོར་འཕེལ་རྒྱས། ཕན་འབྲས་མཐོར་འདེགས། ས་ཁོངས་མཐུན་སྦྱོར། མཁར་གྲོང་གཅིག་གྱུར་འཆར་འགོད་འཕེལ་རྒྱས་སོགས་ཐད་སྔར་ལས་བརྒལ་བའི་གྲུབ་འབྲས་གསར་བ་ཐོབ་པར་བརྩོན་ལེན་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག