མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དུ་ཞོར་ལས་གཉེར་བཞིན་པའི་རོང་འབྲོག་དམངས་ཀྱི་སྨན་བཅོས་འགན་སྲུང་དང་བུ་ཕྲུག་གི་སློབ་ཞུགས་གནས་ཚུལ་ལ་རྟོག་ཞིབ་བྱས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-13 11:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཞི་ནས་ཚེས་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་ཟི་ལིང་དང་། མཚོ་ཤར། མཚོ་ལྷོ་བཅས་ས་ཁུལ་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དུ་ཞོར་ལས་གཉེར་བཞིན་པའི་རོང་འབྲོག་དམངས་ཀྱི་སྨན་བཅོས་དང་སྨན་བཅོས་འགན་སྲུང་། བྱིས་པའི་སློབ་ཞུགས་གནས་ཚུལ་བཅས་ལ་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་དང་མཁར་ནུབ་ས་ཁུལ། མཚོ་ཤར་གྲོང་ཁྱེར་དང་མིན་ཧི་རྫོང་། མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་སྲིད་གཞུང་བཅས་ཀྱིས་གནས་ཚུལ་ཡར་ཞུ་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་།ཞིང་ཆེན་འཕྲོད་བསྟེན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཆེད་དོན་སྙན་ཞུ་ལ་ཉན་རྗེས། སློབ་གྲྭ་སྐོར་ཞིག་དང་སྨན་ཁང་། སྨན་བཅོས་འགན་སྲུང་ལས་ཁུངས་བཅས་ཀྱི་བྱ་བའི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་དང་། གྲོང་ཁྱེར་དུ་ཞོར་ལས་གཉེར་བཞིན་པའི་ཞོར་ལས་པའི་ཁྱིམ་ཚང་འགའ་ལ་འཚམས་འདྲི་བྱས་ནས། གྲོང་ཁྱེར་དུ་ཞོར་ལས་གཉེར་བཞིན་པའི་རོང་འབྲོག་དམངས་ཀྱི་ནད་སྟོན་སྨན་བཅོས་དང་སྨན་བཅོས་འགན་སྲུང་། བུ་ཕྲུག་གི་སློབ་ཞུགས་གནས་ཚུལ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་བསམ་འཆར་བསྡུ་ལེན་བྱས།

རྟོག་ཞིབ་ཚན་ཆུང་གིས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་གྲོང་ཁྱེར་དུ་ཞོར་ལས་གཉེར་བཞིན་པའི་རོང་འབྲོག་དམངས་ཀྱི་སྨན་བཅོས་དང་སྨན་བཅོས་འགན་སྲུང་། བུ་ཕྲུག་གི་སློབ་ཞུགས་གནད་དོན་བཅས་ལ་ཧ་ཅང་མཐོང་ཆེན་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་གོ་གནས་དང་བོར་འཇོག་པ་དང་། ལམ་ལུགས་གསར་སྐྲུན་བྱེད་རྒྱུ་དེ་གནད་འགག་ཏུ་བརྩི་བ་དང་། གནད་དོན་ཐག་གཅོད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། དུས་ལྟར་འབྲེལ་ཡོད་ཀྱི་འགན་སྲུང་སྲིད་ཇུས་བཏོན་པས། གྲོང་ཁྱེར་དུ་ཞོར་ལས་གཉེར་བཞིན་པའི་རོང་འབྲོག་དམངས་ཀྱིས་གྲོང་གསེབ་ཀྱི་སྡོད་དམངས་དང་འདྲ་མཉམ་སྒོས་སྤྱི་བའི་སྨན་བཅོས་ཞབས་ཞུ་དང་བུ་ཕྲུག་གི་སློབ་ཞུགས་སོགས་ཀྱི་སྤུས་བཟང་ཐོན་ཁུངས་ལོངས་སྤྱོད་བྱེད་ཐུབ་པ་བྱུང་། ཡིན་ན་ཡང་གྲོང་གསེབ་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་སོང་བ་དང་། གྲོང་ཁྱེར་དུ་ཞོར་ལས་ལ་ཡོང་བའི་མིའི་གྲངས་ཀ་རྒྱུན་མཐུད་ནས་ཇེ་མང་དུ་སོང་བ་དང་བསྟུན་ནས། སློབ་གསོའི་ཐོན་ཁུངས་ཆ་མི་མཉམ་པའི་གནད་དོན་ཉིན་རེ་བཞིན་མངོན་གསལ་ཡིན་པ་དང་། ཞོར་ལས་བྱེད་སའི་སྲིད་གཞུང་གི་སློབ་གསོ་དང་ནོར་སྲིད་ཀྱི་གནོན་ཤུགས་མུ་མཐུད་ནས་ཇེ་ཆེར་སོང་ལ། ས་ཁུལ་ཁ་ཤས་སུ་ད་དུང་གཞུང་སྒྲུབ་སློབ་གྲྭའི་འདེགས་ཤུགས་དང་དགོས་མཁོ་གཉིས་བར་གྱི་འགལ་བ་སྔར་བཞིན་གནས་པས། སྨན་བཅོས་དང་འཕྲོད་བསྟེན། སློབ་གསོའི་ཐད་ཀྱི་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་དང་ཆ་འཕྲིན་ཅན། ཤེས་ལྡན་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་སྔར་བཞིན་རྗེས་ཕྱོགས་ཀྱི་བྱ་བའི་འབད་འཐབ་ཁ་ཕྱོགས་ཡིན་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག