མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

པད་མ་རྫོང་གིས་བོད་ཇའི་མིང་དང་ཚོང་རྟགས་བསྡུ་བའི་བྱ་འགུལ་སྤེལ།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-13 11:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ནགས་ལས་ཐིན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་བོད་ཇའི་ཐོན་རྫས་ཀྱི་མིང་དང་ཚོང་རྟགས། བརྡ་ཁྱབ་ཡི་གེ་བསྡུ་བའི་བྱ་འགུལ་སྤེལ་བ་དང་། མིག་སྔའི་བར་དུ། བརྩམས་ཆོས་རེ་ལྔ་བསྡུ་རུབ་བྱས་ཡོད།

སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་པད་མའི་བོད་ཇའི་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱས་ནས། བོད་ཇའི་ཐོན་རྫས་ཀྱི་ཚོང་རའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་བྱེད་ཆེད། ད་ལོའི་ཟླ་བརྒྱད་པའི་ནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱི་མཛུབ་སྟོན་འོག ཞིང་ཆེན་ནགས་ལས་ཐིན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་པད་མའི་བོད་ཇ་ཐོན་རྫས་ཀྱི་མིང་དང་ཚོང་རྟགས། བརྡ་ཁྱབ་ཡི་གེ་བསྡུ་བའི་བྱ་འགུལ་སྤེལ། བྱ་འགུལ་ཁྲོད་བསྡོམས་པས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་བསྐུར་ཡོང་བའི་བརྩམས་ཆོས་བཞི་བརྒྱ་གྱ་ལྔ་འབྱོར་བ་དང་། ཞིང་ཆེན་ནགས་ལས་ཐིན་གྱིས་སྐོར་ཐེངས་དང་བོའི་ལེགས་འདེམས་བརྒྱུད་དེ། མཇུག་མཐར་བརྩམས་ཆོས་རེ་ལྔ་བདམས།

ཐེངས་འདིའི་བྱ་འགུལ་ཁྲོད། ཞིང་ཆེན་ནགས་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དམངས་སྲོལ་དང་བོད་རིག་པ། ལོ་རྒྱུས། རིག་གནས་ཞིབ་འཇུག སྨྱན་བྱད། ནགས་ལས་ཆེད་མཁས་པ། ཚོང་འཕྲིན་ཇུས་འགོད་སོགས་ཕྱོགས་ཀྱི་ཆེད་མཁས་པ་དང་རིག་གནས་པ་གདན་འདྲེན་བྱས་ནས་སྐོར་ཐེངས་དང་པོར་བདམས་ཐོན་བྱུང་བའི་བརྩམས་ཆོས་ཞིབ་ཀློག་བྱས་པ་མ་ཟད། གཙོར་བཞག་ནས་བསྡུ་རུབ་བྱས། ཆེད་མཁས་པ་དང་རིག་གནས་པ་ཚོས་ནན་ཏན་གྱིས་ལེགས་འདེམས་བྱས་པ་དང་དེའི་ཁྲོད་ཞུགས་པ་བརྒྱུད་དེ། སྐོར་ཐེངས་གཉིས་པར་བརྩམས་ཆོས་ང་བཞི་བདམས་ཐོན་བྱུང་བ་དང་། དེའི་ཁྲོད། ཐོན་རྫས་ཀྱི་མིང་རྟགས་ཐད་ཀྱི་བརྩམས་ཆོས་བཅོ་ལྔ་དང་བརྡ་ཁྱབ་ཡི་གེ་ཉེར་བདུན། ཚོང་རྟགས་བཅུ་གཉིས་བཅས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག