མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་པའི་མཐར་ཕྱིན་དགེ་ཐོན་སློབ་མའི་སློབ་ཆེན་སྐབས་ཀྱི་སློབ་ཡོན་ཁ་གསབ་བྱེད་རྒྱུ་རེད།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-13 11:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཐོ་རིམ་དགེ་ཐོན་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་རོང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭ་རུ་དགེ་རྒན་བྱེད་དུ་འགྲོ་བར་སྐུལ་སློང་དང་སྣེ་ཁྲིད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭ་རུ་དགེ་རྒན་བྱེད་དུ་སོང་བའི་མཐར་ཕྱིན་དགེ་ཐོན་སློབ་མའི་སློབ་ཆེན་སྐབས་ཀྱི་སློབ་ཡོན་བྱ་དགའི་རང་བཞིན་གྱི་སྒོ་ནས་ཁ་གསབ་བྱེད་པའི་གནས་སྐབས་ཀྱི་ལག་བསྟར་བྱེད་ཐབས་ཕྱིར་བཏོན།

བྱེད་ཐབས་ལས་གཏན་ཁེལ་བྱས་པ་ལྟར་ན། 2014ལོར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་དགེ་རྒན་བསྡུ་བ་དང་རྒྱལ་ཁབ་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭའི་དགེ་རྒན་གྱི་ཆེད་བཙུགས་ལས་གནས་འཆར་གཞི་བརྒྱུད་དེ་རོང་འབྲོག་ཁུལ་གྱི་ཞང་དང་སྡེ་བའི་སློབ་གྲྭ་རུ་དགེ་རྒན་བྱེད་དུ་འགྲོ་བ་མ་ཟད། དགེ་རྒན་བྱེད་སའི་སློབ་གྲྭ་དང་ལོ་བརྒྱད་ཡན་གྱི་ཞབས་ཞུའི་གྲོས་མཐུན་བཀོད་པའི་ཉིན་ཧྲིལ་་བོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་དགེ་ཐོན་སློབ་གླིང་གི་དགེ་ཐོན་རིགས་ཀྱི་ཆེད་ལས་ཆེད་སྦྱོང་དང་དེའི་ཡན་གྱི་མཐར་ཕྱིན་སློབ་མར། སྲིད་གཞུང་གིས་དེའི་སློབ་ཆེན་སྐབས་ཀྱི་སློབ་ཡོན་ཁ་གསབ་བྱེད་པའི་རྣམ་པའི་སྒོ་ནས་བྱ་དགའ་སྟེར་རྒྱུ་ཡིན་པ་དང་། མཐོ་རིམ་སློབ་ཆེན་དང་ཡང་ན་སློབ་མའི་སྐྱེ་ཁུངས་ཀྱི་སློབ་རོགས་དངུལ་བུན་བསྐྱིས་བའི་མཐར་ཕྱིན་སློབ་མར། བྱ་དགའི་སྒོར་མོ་དམིགས་བསལ་གྱིས་སློབ་རོགས་དངུལ་བུན་གྱི་བསྐྱིན་ཚད་སྤྲོད་པའི་ཐད་བཀོལ་རྒྱུ་རེད། དམིགས་བཀར་གསོ་སྐྱོང་དང་ཆེད་མངགས་གསོ་སྐྱོང་། སློབ་ཡོན་སྟེར་མི་དགོས་པའི་དགེ་ཐོན་སློབ་མ། སློབ་ཆེན་སྐབས་སུ་སློབ་ཡོན་སྟེར་མི་དགོས་བའི་སྲིད་ཇུས་ལོངས་སྤྱོད་བྱས་ཟིན་པའི་མཐར་ཕྱིན་སློབ་མ་བཅས་སློབ་ཡོན་ཁ་གསབ་ཀྱི་ཁྱབ་ཁོངས་ཁྲོད་མི་འདུ།

མཐོ་རིམ་དགེ་ཐོན་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་སློབ་ཡོན་ཁ་གསབ་གྲངས་ཚད་ནི་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ཚད་ལྡན་སློབ་ཡུན་གྱི་དུས་བཀག་ནང་དངོས་སུ་སྤྲད་པའི་ལོ་ཧྲིལ་བོའི་སློབ་ཡོན་གྱི་སྤྱི་བསྡོམས་ཡིན་ལ། མཐར་ཕྱིན་སློབ་མའི་སློབ་སྦྱོང་བྱས་པའི་སློབ་གྲྭའི་ནོར་དོན་པུའུ་ཡི་ཕན་ཡོད་དཔང་ཡིག་རྟེན་གཞིར་བྱེད་དགོས། སློབ་ལོ་གཅིག་གི་ཁ་གསབ་ཚད་གཞིའི་ཆེས་མཐོའི་གྲངས་ཚད་ནི་ཆེད་སྦྱོང་སློབ་མ་དང་དངོས་གཞི་སློབ་མར་སྒོར་སྟོང་དྲུག་དང་། ཞིབ་འཇུག་སློབ་མར་སྒོར་སྟོང་བརྒྱད། འབུམ་རམས་པར་སྒོར་ཁྲི་བཅས་རེད།

སློབ་ཡོན་བྱ་དགའི་ཁ་གསབ་ཀྱི་ཆ་རྐྱེན་དང་མཐུན་པའི་རོང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭ་རུ་དགེ་རྒན་བྱེད་བཞིན་པིའ་དགེ་ཐོན་རིགས་ཀྱི་མཐར་ཕྱིན་སློབ་མར། ཐེངས་གཅིག་ལ་སློབ་ཡོན་ཁ་གསབ་དངུལ་སྟེར་རྒྱུ་ཡིན་པ་དང་། ཞིང་ཆེན་ནོར་སྲིད་ཀྱིས་བྱ་དགའི་ཁ་གསབ་དངུལ་གྱི་བརྒྱ་ཆའི་བརྒྱད་ཅུ་སྟེར་རྒྱུ་ཡིན་པ་དང་། མི་བཀོལ་ས་ཁུལ་གྱི་ནོར་སྲིད་ཀྱིས་བྱ་དགའི་ཁ་གསབ་དངུལ་གྱི་བརྒྱ་ཆའི་ཉི་ཤུའི་འགན་ཁུར་རྒྱུ་ཡིན་ལ། དེའི་ཐད་མཁོ་བའི་གྲོན་དངུལ་གྱི་གྲངས་ཚད་ཡོངས་སྡེ་ཁག་གི་སྔོན་རྩིས་ཁྲོད་འཇོག་རྒྱུ་རེད།

 གཞི་རིམ་སློབ་གྲྭ་རུ་ཞབས་ཞུའི་ལོ་ཚད་ལོ་བརྒྱད་མ་ལོངས་བའི་མཐར་ཕྱིན་སློབ་མར། གཙོ་གཉེར་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་བྱིན་ཟིན་པའི་བྱ་དགའི་ཁ་གསབ་སྒོར་མོ་ཕྱིར་ལེན་རྒྱུ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག