མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་གྲོང་ཁྱེར་གྱི་རྫོང་ཁོངས་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། ཟི་ལིང་གྲོང་ཁྱེར་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཝང་ཅན་ཅོན་གྱིས་གནས་བབ་ལ་ངོས་ཟིན་གསལ་བོ་བྱེད་པ་དང་། གཙོ་གནད་དམ་འཛིན་བྱས་ནས། བཟོ་ལས་ཀྱིས་རྫོང་སྟོབས་ལྡན་དུ་བསྒྱུར་བའི་འདུ་ཤེས་ཇེ་བརྟན་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། མུ་མཐུད་དུ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་གསར་བ་གསར་སྤེལ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་བྱས་རྗེས་གསར་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གཞོན་པ་ཝང་ཡུས་པའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སུའུ་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། གྲོང་ཁྱེར་གྱི་མགོ་ཁྲིད་ཙོའུ་ཅན་ཧྲིན་དང་ལིས་ཅིན་ཆེན། མཱ་ཧའེ་ཡིན་བཅས་ཀྲུའུ་ཞི་སྟེགས་བུ་སྟེང་བསྡད་ཡོད། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོ་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་སོ་སོ་ཡང་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅོན་གྱིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ན། གཙོ་བོ་རྫོང་ཁོངས་དཔལ་འབྱོར་ལ་རག་ལས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་རྫོང་ཁོངས་འཕེལ་རྒྱས་ཐད་ནས། གྲུབ་འབྲས་དང་དགེ་མཚན་ལྡན་ལ་བར་ཁྱད་ཀྱང་ཡོད་པས། གྲུབ་འབྲས་རྒྱུན་འཁྱོངས་བྱེད་པ་དང་། བར་ཁྱད་ཇེ་ཆུང་དུ་གཏོང་བ། དགེ་མཚན་ཇེ་ཆེར་གཏོང་བ་བཅས་བྱས་ན། རྫོང་ཁོངས་དཔལ་འབྱོར་ད་གཟོད་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཐུབ། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་ཐུན་མོང་ལྟ་བ་གཅིག་བསྒྲིལ་བྱས་ནས། རྫོང་ཁོངས་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་གཙོ་གཟུགས་སུ་བྱས་ཏེ། ཧུར་ཐག་གིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་།མུ་མཐུད་དུ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སྤེལ་བྱེད་པ། རྫོང་ཁོངས་དཔལ་འབྱོར་གྱི་སྤྱིའི་གྲངས་དང་། འཕེལ་རྒྱས་ཀྱི་རྒྱུ་སྤུས། མི་རེའི་ཆ་སྙོམས་ཀྱི་ཚད་གྲངས་བཅས་མཉམ་དུ་མཐོར་འདེགས་བྱེད་པར་སྐུལ་འདེད་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་དང་ང་ཚོའི་ཤུགས་འདོན་སའི་ཐད་ནས། ཕྱོགས་བཞི་ལ་དམིགས་ནས་ཐོད་བརྒལ་བྱེད་དགོས་ཏེ། གཅིག བཟོ་ལས་ར་བའི་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བ། གཉིས། ས་ཞིང་བྱ་བ་བཟང་བོར་བསྒྲུབ་པ། གསུམ། འཛུགས་སྐྲུན་ཐད་གནས་པའི་དཀའ་ཁག་ཐག་གཅོད་པ། བཞི། གྲོང་ཁྱེར་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་བྱེད་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཅན་ཅོན་གྱིས་མཇུག་མཐར་ནན་གྱིས་བསྟན་དོན། ད་ལྟ་ནི་རྫོང་ཁོངས་འཕེལ་རྒྱས་སུ་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་དར་སྤེལ་བྱེད་པའི་གོ་སྐབས་བཟང་བོ་ཡིན་པས། ང་ཚོས་སྟོབས་ཤུགས་གཅིག་བསྒྲིལ་གྱིས་འགྲན་རྩོད་གདོང་གིས་བསུ་བ་དང་། སྔོན་དུ་འཆར་འགོད་དང་རང་འགུལ་གྱིས་ཧུར་བརྩོན། གསར་སྤེལ་གསར་སྐྲུན་གྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། འཕེལ་རྒྱས་བརྩོན་ལེན་དང་ལག་བསྟར་དམ་འཛིན་བྱེད་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་དང་རྗེས་སྙེག་གི་སྤོབས་པ། བཅོས་བསྒྱུར་གྱི་བྱེད་ཐབས། འབྲེལ་འདྲིས་ཀྱི་བྱེད་ཐབས་ཡོད་པ་དང་། འགན་ཁུར་ཕོད་པ་དང་དཀའ་ཁག་ཁྱད་སེལ། དམ་འཛིན་དངོས་གཉེར་བྱས་ནས། མུ་མཐུད་དུ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་གསར་བ་གསར་སྐྲུན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་བྱས་རྗེས་གསར་བ་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག