མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་གསུམ་པའི་མི་རིགས་སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་ཆེན་ཟི་ལིང་ནས་བསྡུས།

ཚེ་རིང་བཀྲ་ཤིས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:31

]\[]\

ཚོགས་འདུའི་ཡུལ་དངོས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་གསུམ་པའི་མི་རིགས་སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་ཆེན་གྱི་མཛད་སྒོ་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས།

    སྐབས་འདིའི་རིག་གཞུང་བགྲོ་གླེང་ཚོགས་ཆེན་ནི་མི་རིགས་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་ཞིབ་སྡུར་ལ་སྐུལ་འདེད་ཀྱིས་དེ་ཉིད་རྒྱུན་འཛིན་འཕེལ་རྒྱས་སུ་གཏང་ཕྱིར་དང་། མི་རིགས་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་སྔར་ལས་ལྷག་པའི་སྒོ་ནས་དར་སྤེལ་དུ་གཏོང་བ། སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་གཉིས་ཀྱིས་ནད་རིགས་སྣ་ཚོགས་གསོ་བཅོས་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། མི་རིགས་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་ཁྱད་ཆོས་རྒྱལ་ཁབ་ཕྱི་ནང་ལ་སྒྲོག་སྤེལ་དང་རྒྱལ་སྤྱིའི་བར་གྱི་རིག་གཞུང་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པ། མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་གཞུང་ལུགས་དང་ལག་ལེན་ལས་གཞན། དེང་རབས་གསོ་བ་རིག་པས་རྒྱུན་མཐོང་ནད་རིགས་སྐོར་ལ་ཐོན་པའི་ནུས་པའི་སྐོར་ལ་ཞིབ་འཇུག་བགྲོ་གླེང་བཅས་བྱ་ཆེད། ཧྲང་ཧེ་ཧྥུའུ་ཏན་སློབ་གྲྭ་ཆེན་མོ་དང་། ཀྲུང་གོའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་ཟུང་སྦྲེལ་སློབ་ཚོགས་ཀྱི་དབུགས་ལམ་ནད་རིགས་ཆེད་ལས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། ཞིན་ཅང་གསོ་རིག་སློབ་གྲྭ་ཆེན་མོ། ནང་སོག་ཀྲུང་ལུགས་སྨན་རྫས་འཕེལ་རྒྱས་དོ་དམ་ཅུའུ། ཀན་སུའུ་ཞིང་ཆེན་ཀྲུང་ལུགས་སྨན་རྫས་འཕེལ་རྒྱས་དོ་དམ་ཅུའུ། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པ་སྤྱི་ཁྱབ་ཚོགས་པའི་ལས་དོན་འཕེལ་རྒྱས་ལྟེ་གནས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་ཁོང་གཏོགས་ཧྭ་ཧྲན་སྨན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་བསྒྲུབས་པ་ཡིན།

    རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་གསོ་རིག་ཆེད་མཁས་པ་དང་འབྲེལ་ཡོད་མགོ་ཁྲིད་པ། ཡོན་ཧྲི་ཝུའུ་ཐེན་དབྱིས་གཙོས་གསོ་རིག་ཆེད་ལས་ཀྱི་སྨན་པ་གྲགས་ཅན་དང་སློབ་མ་སུམ་བརྒྱ་ལྷག་རེབ་འདིའི་ཚོགས་འདུར་ཞུགས་པར་མ་ཟད། ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་ཁོང་གཏོགས་ཧྭ་ཧྲན་སྨན་ཁང་གི་མགོ་གཙོ་སྐུ་ཞབས་ཏུང་ཅིན་ཁྲིན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས་པ་རེད། ཏུང་ཅིན་ཁྲིན་གྱིས་རེབ་འདིའི་ཚོགས་ཞུགས་ཆེད་མཁས་པ་དག་གིས་བོད་ཀྱི་གསོ་བ་རིག་པ་དང་ཞིན་ཅང་ཡུ་གུར་རིགས་ཀྱི་གསོ་བ་རིག་པ། སོག་རིགས་ཀྱི་གསོ་བ་རིག་པ་བཅས་གཙོས་པའི་མི་རིགས་གྲངས་ཉུང་གི་སྲོལ་རྒྱུན་གསོ་བ་རིག་པའི་དེང་རབས་སྤྱི་ཚོགས་སྟེང་འབྱུང་བཞིན་པའི་རྒྱུན་མཐོང་ནད་རིགས་སྣ་ཚོགས་ལ་ཐོན་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། མི་རིགས་སོ་སོའི་སྲོལ་རྒྱུན་གསོ་བ་རིག་པ་དང་དེང་རབས་གསོ་བ་རིག་པ་གཉིས་ཀྱི་ཁྱད་ཆོས་ལ་ཞིབ་སྡུར་དང་ཞིབ་འཇུག ཕན་ཚུན་ཁ་གསབ་དང་མཉམ་མྱོང་བརྗེ་རེས་སོགས་ཀྱི་གཏམ་བཤད་མང་པོ་སྤེལ་ནས། ཀྲུང་གོའི་གསོ་རིག་གི་ཁྱབ་ཁོངས་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གཞུང་འདི་གཉིས་ཕན་ཚུན་བར་མཛའ་མཐུན་དང་སློབ་སྦྱོང་གི་ཕུགས་རེ་དམིགས་འདུན་དུ་བཟུང་ནས། ཀྲུང་གོའི་གསོ་བ་རིག་པ་མ་འོངས་པའི་འཛམ་གླིང་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་འབད་བརྩོན་གྱི་དཔུང་རྡང་མ་ལྷོད་ཚེ། མི་རིང་བར་ནོ་ཝེར་གསོ་རིག་བྱ་དགའ་ཐོབ་པར་ཡང་ཡིད་ཆེས་དང་གདེང་ཚོད་ཆེན་པོ་ཡོད་པའི་གཏམ་བཤད་ཀྱིས་ཀྲུང་གོའི་གསོ་བ་རིག་པའི་མདུན་ལམ་སྔར་ལས་ཁོད་ཡངས་ཤིང་རྒྱ་ཆེ་བ་ཞིག་ཏུ་བསྐྲུན་ཡོད་པ་རེད།

    ཉིན་གསུམ་གྱི་ཚོགས་ཡུན་ནང་ཆེད་མཁས་དག་གིས་མི་རིགས་སོ་སོའི་སྲོལ་རྒྱུན་གསོ་བ་རིག་པ་དང་དེང་རབས་གསོ་བ་རིག་པ་གཉིས་ཀྱི་ཁྱད་ཆོས་ལ་ཞིབ་སྡུར་དང་ཞིབ་འཇུག ཕན་ཚུན་ཁ་གསབ་དང་མཉམ་མྱོང་བརྗེ་རེས་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག