མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཞིབ་བཤེར་ཆེན་པོ་དང་དག་ཐེར་བྱེད་པའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བཟང་པོ་བྱས།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རང་བཤེར་ཆེན་པོ་བྱས་པ་དང་ལྟ་ཞིབ་བྱ་བའི་ཁྲོད་དུ་བྱུང་བའི་གནད་དོན་གཙོ་བོ་བསྒྲགས་པ་དང་། དག་ཐེར་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཀྲང་ཅན་མེན་གྱིས་བསྟན་དོན། ཞིབ་བཤེར་ཁྲོད་ཤེས་པའི་བྱ་བའི་གནད་དོན་རེ་འགའ་དཔེར་བཟུང་ནས་དག་ཐེར་དང་བཅོས་སྒྱུར་བྱས་ནས། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོས་གནད་དོན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ནན་ཏན་སྒོས་གནད་དོན་ཐག་གཅོད་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་གཏིང་ཟབ་སྒོས་དག་ཐེར་ལག་བསྟར་བྱེད་པར་མཐོང་ཆེན་བྱས་ཏེ་ཆེད་དུ་མཆན་བཀོད་མཛུབ་སྟོན་གནང་ཡོད་པས། བཟོ་ལས་ས་ཁུལ་འཕེལ་རྒྱས་དང་ཁེ་ལས་ལས་གཞིའི་འཛུགས་སྐྲུན། རྨང་གཞིའི་འཛུགས་སྐྲུན་དང་བཟོ་སྐྲུན་འཛུགས་སྐྲུན། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་སྔོག་འདོན་བཀོལ་སྤྱོད། ཆུ་མཛོད་ཀྱི་ཆུ་གློག་ཨར་ལས་འཛུགས་སྐྲུན་དང་ཆུ་ལམ་བཟོ་བཅོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཁོར་ཡུག་བཅོས་སྐྱོང་བཅས་ཕྱོགས་ལྔ་ནས་དག་ཐེར་བྱེད་ཐབས་གཏན་ལ་ཕབ་སྟེ་དངོས་འབེབས་བྱེད་དགོས་ཟེར།

ཀྲང་ཅན་མེན་གྱིས་ནན་གྱིས་བསྟན་དོན། བསམ་བློ་གཅིག་གྱུར་དང་། འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོར་བཅངས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་བ་དེ་འཆར་གཞི་སྒྲིག་བཟོ་དང་། བཟོ་སྐྲུན་ལག་བསྟར། ཁེ་ལས་ཐོན་སྐྱེད། སྲིད་གཞུང་ལྟ་སྐུལ་དོ་དམ་བཅས་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་དངོས་འབེབས་བྱེད་དགོས། དམིགས་འབེན་གཏན་ཁེལ་གསལ་བོ་དང་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ནས། དག་ཐེར་གྱི་དུས་ཚོད་དང་དམིགས་འབེན་ལྟར་དུ་གནད་དོན་རེ་རེ་བཞིན་དག་ཐེར་བྱེད་དགོས། འགན་འཁྲི་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་ལ་གཏོར་བརླག་བྱེད་པ་དང་ཁོར་ཡུག་བཙོག་པ་བཟོ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་ལ། མགོ་ཁུངས་ནས་ཚོད་འཛིན་ནན་མོ་དང་བརྒྱུད་རིམ་ལ་དོ་དམ་ནན་མོ་བྱེད་པའི་རེ་བ་ལྟར། ས་ཁོངས་དང་སྡེ་ཁག་གི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། ལག་བསྟར་གྱི་ཚད་གཞི་གཟབ་ནན་དུ་གཏོང་བ། ལག་བསྟར་གྱི་ལྟ་སྐུལ་དོ་དམ་གཟབ་ནན་དུ་གཏོང་བ། མགྱོགས་མྱུར་སྒོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བདེ་བླག་དང་རྒྱུན་མཐུད་ཀྱིས་འཕེལ་རྒྱས་སུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག