མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཁ་གཏད་རོགས་སྐྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་རྒྱ་བསྐྱེད་ཚོགས་འདུ་བསྡུས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཁ་གཏད་རོགས་སྐྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚེས་བཅུ་གསུམ་ཉིན་ཟི་ལིང་ནས་རྒྱ་བསྐྱེད་ཚོགས་འདུ་བསྡུས་པ་དང་། ཧྲིན་ཀྲང་ཧའོ་ཕིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་བོད་ཁུལ་བྱ་བའི་ཐད་ཀྱི་བསམ་བློ་གསར་བ་དང་རེ་འདུན་གསར་བ་ལག་བསྟར་དངོས་འབེབས་བཟང་བོ་བྱེད་དགོས་པ་མ་ཟད། ཀྲུང་དབྱང་གིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་སྤེལ་ནས་ལོ་འཁོར་ཉི་ཤུ་འགོར་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐའ་འཁྱོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་ཐོད་བརྒལ་གསར་བ་འབྱུང་བར་ཡར་སྐུལ་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་བསྟན་དོན། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་སྤེལ་ནས་བགྲང་བྱ་ཉི་ཤུ་འགོར་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དེས། མཚོ་སྔོན་གྱི་བོད་ཁུལ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་དང་གོ་སྐབས་བཟང་བོ་བསྐྲུན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་མགོ་རྩོམ་ས་གསར་བ་ཞིག་ཏུ་བསླེབས་པའང་མངོན་པར་མཚོན་ཡོད། དེ་བས། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་བར་གསུམ་ཚང་མས་བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་འབད་ནས། བློ་བརྟན་འགྱུར་མེད་དང་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ཏེ། གནས་བབ་གསར་བའི་འོག་གི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་དགོས་པ་ལས་གཞན། ད་དུང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་དང་རྒྱལ་ཡོངས་མི་དམངས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་དེ་མཚོ་སྔོན་གྱི་བོད་ཁུལ་དུས་རིམ་ལས་བརྒལ་བའི་ངང་འཕེལ་རྒྱས་སུ་འགྲོ་བྱེད་དང་། ཡུན་རིང་བདེ་སྡོད་བཅོས་སྐྱོང་ཡོང་བར་བྱེད་པའི་སྒུལ་ཤུགས་བླ་མེད་དུ་བསྒྱུར་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཁ་གཏད་རོགས་སྐྱོར་བྱ་བའི་ལས་སྒོ་ཚང་མ་འཐུས་ཤོར་མེད་པར་དུས་ལྟར་ཡོངས་འགྲུབ་བྱེད་པར་གཤམ་གསལ་གྱི་དོན་ཚན་ལྔ་ངེས་པར་དུ་བསྒྲུབ་དགོས་ཏེ། གཅིག འཆར་འགོད་སྣེ་ཁྲིད་ཀྱི་ནུས་པ་འབུར་ཐོན་ཡོང་བར་བྱས་ཏེ། ལས་གཞིས་འདེགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། གཉིས། གཞི་རིམ་མང་ཚོགས་ལ་ཁ་ཕྱོགས་ནས། དམངས་འཚོ་ལེགས་བཅོས་ཀྱི་བྱ་བར་འགན་སྲུང་གང་ལེགས་བྱེད་དགོས། གསུམ། སྐྱེ་ཁམས་ཨང་དང་པོར་བརྩིས་ཏེ། མི་དམངས་མང་ཚོགས་ཀྱི་འདོད་མོས་ལ་བརྩི་བཀུར་བྱེད་དགོས། བཞི། མང་ཚོགས་དང་ལས་བྱེད་པའི་བར་འབྲེལ་ཟམ་གསར་འཛུགས་ཡོང་བར་འབད་དེ། ལས་བྱེད་པས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་སྟོབས་ཤུགས་འབུལ་བར་ཡར་སྐུལ་བྱ་དགོས། ལྔ། རང་སྟོབས་རང་སྤེལ་གྱི་ནུས་པ་གསོ་སྐྱོང་བྱས་ཏེ། ཞིང་ཆེན་ནང་གནས་ཀྱི་སྟོབས་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་བཅས་ཡིན་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་སྒྲུབ་པའི་འགན་ཁུར་ཧ་ཅང་ལྕི་བས། མགོ་ཁྲིད་བྱ་བར་ཤུགས་སྣོན་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། འགན་ལེན་དང་འགན་སྲུང་གི་བྱ་བ་ཇེ་དྲག་ཏུ་གཏོང་བ། མཉམ་ལས་ཀྱི་སྟེགས་བུ་གྲུབ་པར་འབད་བརྩོན་བྱེད་པ་བཅས་བྱས་ཏེ། ཁ་གཏོད་རོགས་སྐྱོར་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་ཝང་ལིན་ཅོན་གྱིས་ཀྲུང་དབྱང་གིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་སྤེལ་ནས་ལོ་འཁོར་ཉི་ཤུ་འགོར་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། མ་ཧྲོན་ཆིན་གྱིས་ཚོགས་འདུར་མགོ་འཛིན་བྱས།  །

རྩོམ་སྒྲིག་པ: བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག