མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་བསྡོམས་ཚོགས་འདུ་ཟི་ལིང་ནས་ཚོགས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-13 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་བསྡོམས་ཚོགས་འདུ་ཚེས་བཅུ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལོ་ཧོས་ཉིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་གལ་ཆེན་བཤད། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ནས། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། རྒྱུན་ཆད་མེད་པར་ཏང་འཛུགས་བྱ་བའི་གྲུབ་འབྲས་གསར་བས།“ཁུལ་གསུམ”གསར་སྐྲུན་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་འཛུགས་སྐྲུན་བྱེད་པར་སྔར་ལས་འགན་སྲུང་བྱེད་དགོས་ཟེར།

ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་ཚན་ཁག་བཅུ་གཅིག་པའི་ཚན་གཙོ་སུང་ཡུས་དབྱིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧའོ་ཕིན་དང་། ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་ཚན་ཁག་བཅུ་གཅིག་པའི་ཚན་གཙོ་གཞོན་པ་སུའུ་ཙིག་ལིན་གཉིས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཆེན་སྟེང་ནས་བརྙན་འཕྲིན་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་དེ་རྫོང་རིམ་པའི་བར་དུ་ཚོགས་འདུ་བསྡུས།

ལོ་ཧོས་ཉིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་མཛུབ་སྟོན་དུ་བརྩིས་ནས། བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་གི་དགོངས་དོན་སྟེང་དུ་གཅིག་གྱུར་བྱེད་དགོས། ཚེས་བརྒྱད་ཉིན་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་བསྡོམས་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་ཞིང་། དེར་བསམ་བློ་རང་བཞིན་དང་། དམིགས་ཡུལ་རང་བཞིན། མཛུབ་སྟོན་རང་བཞིན་ལྡན། ང་ཚོས་ངེས་པར་དུ་དེར་གོ་བ་ཟབ་མོ་བླངས་ནས། ལག་བསྟར་དངོས་འབེབས་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས་བརྒྱད་ཉིན་གནང་བའི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དེ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱས་པའི་ཚུན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཟུང་དུ་སྦྲེལ་ནས། ཧུར་ཐག་སྒོས་དེའི་དོན་གྱི་སྙིང་བོ་ཁོང་དུ་ཆུད་པར་བྱེད་པའི་ཐད་ནས་འབད་པ་བྱེད་པ་དང་། སྐྱོན་ཆ་བསྒྱུར་བཅོས་བྱེད་པའི་ཐད་ནས་འབད་པ་བྱེད་པ། སྦྱངས་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་ཐད་ལ་འབད་པ་བྱས་ནས། སྔར་ལས་བཟང་བོའི་སྒོ་ནས་བསམ་བློ་ལ་དྲག་ཆས་སྤྲོ་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཚུན་ལ། ང་ཚོས་ནམ་ཡིན་ཡང་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་ལེན་པར་ཡིད་འཇོག་བྱས་པ་དང་། མཚོ་སྔོན་གྱི་དོན་དངོས་ལ་དམ་པོར་དམིགས་ནས། སྤྱོད་ངན་བཞི་ཡོ་བསྲང་བྱེད་པ་དང་། གཏན་ལ་ཕབ་པའི་བྱ་བ་བཟང་བོར་བསྒྲུབས། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པ་ནས་བཟུང་སྟེ། ཞིང་ཆེན་ཡོངས་ནས་བསྡོམས་པས་ཏང་རྩ་འཛུགས་ཁྲི་གཅིག་དང་སྟོང་ལྔ་བཞི་བརྒྱ་ལྷག་དང་། ཏང་ཡོན་འབུམ་གསུམ་དང་ཁྲི་གཅིག་སྟོང་བདུན་ལྷག་སྐོར་ཁག་གཉིས་སུ་བགོས་ནས་སློབ་གསོ་ལག་ལེན་བྱ་འགུལ་དུ་ཞུགས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་པ་ལྟར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འབོད་སྐུལ་དང་དུ་བླངས་ནས། དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ་དང་། “རང་སྐྱོན་ངོས་ལེན་དང་། བྱ་སྤྱོད་དྲང་མོ། རང་སྐྱོན་རང་སེལ། རང་སྐྱོན་ཡོ་བསྲང”བཅས་ཀྱི་སྤྱིའི་རེ་བ་ལྟར། རང་རྟོགས་སྒོས་བྱ་འགུལ་གྱི་གོ་རིམ་ཧྲིལ་བོ་བརྒྱུད་དེ། ནན་ཏན་སྒོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཡོད་ཟེར།

ལོ་ཧོས་ཉིན་གྱིས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སྤེལ་བའི་ཐད་ལ་རེ་བ་དྲུག་བཏོན་པ་སྟེ། གཅིག ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་ཁུར་དངོས་འབེབས་བྱེད་དགོས། གཉིས། སྙིང་རུས་ལྷོད་མེད་ཀྱིས་དག་ཐེར་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། གསུམ་ནས་ལམ་ལུགས་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། བཞི་ནས་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་དགོས། ལྔ་ནས་དོ་དམ་དང་སྒྲིག་ལམ་གཉིས་གཟབ་ནན་བྱེད་དགོས། དྲུག་ནས་བྱ་བ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་དགོས་ཟེར།

སུང་ཡུས་དབྱིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་རྩ་འཛུགས་ནུས་པ་ཆེ་ཞིང་ཕན་འབྲས་མངོན་གསལ་རེད། ཀྲུང་དབྱང་གི་བཀོད་སྒྲིག་ལྟར་གྲུབ་འབྲས་ཇེ་བརྟན་དང་རྒྱ་བསྐྱེད་དགོས་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དངོས་འབེབས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱེད་དགོས་པ་དང་། མུ་མཐུད་དུ་དག་ཐེར་བཅོས་སྐྱོང་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་སྟངས་སློབ་གསོ་དེ་གོ་གནས་གལ་ཆེན་དུ་བཞག་ནས། གཟབ་ནན་དང་ནན་ཏན་སྒོས་ཏང་ནང་གི་ཆབ་སྲིད་འཚོ་བ་སྤེལ་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་ཁུར་གཙོ་བོ་དངོས་འབེབས་བྱས་ཏེ། ཏང་འཛུགས་སྐྲུན་གྱི་ཕུལ་བྱུང་གྲུབ་འབྲས་ཀྱིས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་མྱུར་དུ་བཀོད་སྒྲིག་བྱས་ནས། ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་དགོས། དག་ཐེར་བཅོས་སྐྱོང་བྱ་བར་སྔར་ལས་ཡར་སྐུལ་བྱས་ནས། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། འགན་ཁུར་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ན། ཏང་ཨུས་འགན་ཁུར་གཙོ་བོ་ཁུར་དགོས་པ་དང་། རྒྱུན་ཆད་མེད་པར་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག