མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཚོགས་འདུའི་སྟེང་ཐོག་མར་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་དང་། ཟླ་བཅུ་བའི་ཚེས་དགུ་ཉིན་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས། ཧའོ་ཕིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས། སློབ་གསོ་ལག་ལེན་བྱ་འགུལ་གྱི་ཉམས་མྱོང་དང་གྲུབ་འབྲས་ལ་སྤྱི་སྡོམ་ཆ་ཚང་བྱས་ཡོད་པ་དང་། གནས་བབ་གསར་བའི་འོག་ཏང་གི་བླང་བྱ་བརྩི་སྲུང་གང་ལེགས་བྱ་དགོས་པ་ནན་གྱིས་བསྟན་ཡོད་པར་མ་ཟད། ད་དུང་མགོ་རྩོམ་ས་གསར་བ་ནས་ཀུན་སྤྱོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་པར་བཀོད་སྒྲིག་གང་བཟང་བྱས་ཡོད་ཟེར། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་དང་སྲིད་གཞུང་སྡེ་ཁག་གིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་དེ་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྟོབས་ཤུགས་གསར་བ་ཞིག་ཏུ་བསྒྱུར་དགོས་པ་མ་ཟད། ཀུན་སྤྱོད་ལེགས་སྒྱུར་དང་བབ་བསྟུན་མདུན་སྐྱོད་སྒོས་དུས་ཚིགས་བཞི་བའི་བྱ་བ་འབད་བརྩོན་པོས་སྒྲུབ་པ་དང་། ལོ་གཅིག་གི་དམིགས་འབེན་ཡོངས་འགྲུབ་བྱས་ཏེ། སང་ལོའི་བྱ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཧའོ་ཕིན་གྱིས་བསྟན་དོན། ད་ལོའི་དུས་ཚིགས་སྔུན་མ་གསུམ་གྱི་ནང་དུ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་བྱ་བ་སྤྱིའི་ཆ་ནས་བརྟན་འཇགས་ངང་འཕར་སྣོན་བྱུང་ཞིང་། དམིགས་འབེན་མཐའ་དག་དུས་ལྟར་ཡོངས་འགྲུབ་བྱས་ཡོད་ནའང་། ལོ་སྨད་ལ་དཔལ་འབྱོར་འཁོར་རྒྱུག་ཁྲོད་གནས་ཚུལ་དང་གནད་དོན་གསར་བ་རེ་འགའ་བྱུང་ཟིན་པས། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་སྟངས་ནི་རེས་སྐྱིད་རེས་སྡུག་ལྟ་བུར་མངོན། ང་ཚོས་ཐོབ་དཀའ་བའི་གྲུབ་འབྲས་ཁས་བླངས་ཏེ་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཉམ་དུ། བློ་བརྟན་འགྱུར་མེད་སྒོས་དཀའ་ངལ་དང་གནད་དོན་ཡོད་རྒུ་ལ་གདོང་གཏད་ནས་རིགས་ལམ་གསལ་བོས་བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྲིད་ཇུས་བཀོད་སྒྲིག་གི་སྟེང་གཅིག་གྱུར་ཡོང་བར་འབད་བརྩོན་བྱས་ནས། གྲུབ་འབྲས་སྔར་ལས་འབུར་ཐོན་ལེན་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་རེ་འདུན་དང་བསྟུན་ནས་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་དགོས་ན། དཔལ་འབྱོར་འཕེལ་འགྲོས་ཀྱི་གནད་དོན་དང་དཔལ་འབྱོར་འཕེལ་ཤུགས་ཀྱི་གནས་དོན། སྐྱེ་ཁམས་འཐབ་ཇུས་གོ་གནས་ཀྱི་གནད་དོན་བཅས་ལ་གཏིང་ཟབ་ཅིང་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པ་དང་། བསམ་གཞིགས་གཏོང་སྟངས་དང་བྱ་བའི་བྱེད་ཐབས་མྱུར་དུ་བསྒྱུར་དགོས་པ་མ་ཟད། བྱ་བའི་སྔོན་དཔག་རང་བཞིན་དང་ཁ་གཏད་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས།འཕེལ་རྒྱས་ཀྱི་བགྲོད་ལམ་དང་རྣམ་པ་གསར་བ་བཏོད་དགོས་ཟེར།

མིག་སྔའི་བྱ་བ་འཐུས་ཤོར་མེད་པའི་ངང་སྒྲུབ་པའི་ཐད་ནས། ཧའོ་ཕིན་གྱིས་གཤམ་གསལ་གྱི་དོན་ཚན་བཅུ་དམ་པོར་འཛིན་དགོས་པ་སྟེ། གཅིག དངུལ་གཏོང་དང་ལས་གཞིའི་བྱ་བ་སྟོབས་ཤུགས་ཡོད་རྒུས་སྤེལ་དགོས། གཉིས། བཟོ་ལས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། གསུམ། ཞིང་ཕྱུགས་ལས་ཀྱི་ཐོན་ཚད་དང་ཡོང་སྒོ་འཕར་བར་ཡར་སྐུལ་བྱེད་དགོས། བཞི། ཞབས་ཞུའི་ལས་རིགས་མྱུར་དུ་གོང་འཕེལ་ལ་གཏོང་དགོས། ལྔ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གཟབ་ནན་ངང་སྤེལ་དགོས། དྲུག ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་དགོས། བདུན། དམངས་འཚོར་དངོས་སུ་འགན་སྲུང་དང་ལེགས་བཅོས་བྱེད་དགོས། བརྒྱད། མ་དངུལ་གྱི་ཡོང་ཁུངས་སྐྱེད་སྲིང་གང་ལེགས་བྱེད་དགོས། དགུ བཅོས་སྒྱུར་གྱི་དམིགས་འབེན་སྒོ་ཀུན་ནས་ཡོངས་འགྲུབ་བྱེད་དགོས། བཅུ། ཁྲིམས་སྐྱོང་བྱ་བར་སྔར་ལས་ཤུགས་སྣོན་དགོས་པ་བཅས་ཡིན་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག