མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོའི་སྙན་ངག་པ་ཅི་ཏེ་མ་ཅ་ལ2014ལོའི་ཨ་ཧྥེ་རི་ཁ་ལྷོ་མའི་མུའུ་ཅི་ཝ་མི་ཆོས་རིང་ལུགས་བྱ་དགའ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-12 10:49

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཨ་ཧྥེ་རི་ཁ་ལྷོ་མའི་མུའུ་ཅི་ཝ་མི་ཆོས་རིང་ལུགས་བྱ་དགའ་སྟེར་བའི་མཛད་སྒོ་དེ་ཚེས10ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཏུང་ཁའེ་ཕུའུ་ཞིང་ཆེན་པ་ཐི་ཨོ་སི་གྲོང་ཁྱེར་ནས་བསྡུས་ཤིང་། ཀྲུང་གོའི་མིང་དུ་གྲགས་པའི་སྙན་ངག་པ་དང་རིག་གནས་པ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏེ་མ་ཅ་ལ་མུའུ་ཅི་ཝ་མི་ཆོས་རིང་ལུགས་བྱ་དགའ་ཐོབ།

ཅི་ཏེ་མ་ཅའི་འདྲ་པར།

    དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་བྱ་དགའི་ཤིས་ཚིག་ཁྲོད་ཅི་ཏེ་མ་ཅས་སྒྱུ་རྩལ་ལས་དོན་དང་རིག་གནས་སློབ་གསོ་འཕེལ་རྒྱས་ཐད་ལ་འབུར་ཏུ་ཐོན་པའི་བྱས་རྗེས་བཞག་ཤིང་། ཁོ་ནི་མི་དམངས་རིག་གནས་ཀྱི་སྲུང་སྐྱོང་པ་ཡིན་ཞེས་བརྗོད་ཡོད།

    ཐེངས་འདིའི་བྱ་དགའ་ཐོབ་པར་ད་རུང་ཕ་ལི་སི་ཐན་གྱི་གྲོས་མོལ་འཐུས་ཚབ་པ་དང་པོ་སའེ་དབྱི་པུའུ·ཨེ་ལེ་ཁ་ཐི་སོགས་ཡོད།

    ཅི་ཏེ་མ་ཅའི་དབྱི་རིགས་སྤུན་ཟླ་དང་སློབ་མ་ཅི་ཁུ་ཆུའུ་པུའུ་ཡིས་ཅི་ཏེ་མ་ཅའི་ཚབ་བྱས་ནས་བྱ་དགའ་བླངས།

ཅི་ཏེ་མ་ཅའི་འདྲ་པར།

    ཅི་ཏེ་མ་ཅས་ཡིག་ངོས་ནས་མུའུ་ཅི་ཝ་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་ཁོར་བྱ་དགའ་འདི་གནང་བར་བཀའ་དྲིན་ཞུས་ཤིང་། ཁོས་བཤད་རྒྱུར། ངས་འཛམ་གླིང་གི་མིའི་རིགས་ཀྱི་སྣ་མང་ཅན་གྱི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་བྱེད་པར་བཏོན་པའི་གསར་བཏོད་རང་བཞིན་གྱི་བྱ་བ་དང་བྱས་རྗེས་བསྐྲུན་པ་ཤིན་ཏུ་ཆུང་ཡང་། ངས་རླབས་ཆེ་བའི་ཨ་ཧྥེ་རི་ཁའི་བྱ་དགའ་འདི་ཁྱེད་ཚོས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་བཅིངས་བའི་མཛའ་བརྩེ་དང་གུས་འདུད་ཤིག་ཏུ་བརྩི་ཡོད་ཟེར།

    ཅི་ཏེ་མ་ཅ་ནི་ཀྲུང་གོའི་དེང་རབས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་ཞིག་ཡིན་ལ། ཁོའི་སྙན་དེབ་ཐོབ་ཐང་དང་འཆར་ཡན་ནག་པོ་སོགས་ཀྱི་བརྩམས་ཆོས་དག་ཡིག་རིགས་སྣ་མང་དུ་བསྒྱུར་ནས་འཛམ་གླིང་གི་རྒྱལ་ཁབ30ལྷག་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད། ཁོས་སྣེ་ཁྲིད་དེ་སྤེལ་བའི་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དང་འཛམ་གླིང་རི་ཁུལ་དངོས་བཤུས་གློག་བརྙན་དུས་ཆེན་སོགས་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་བྱ་འགུལ་དག་ནི་མིག་སྔར་ཀྲུང་གོ་དང་འཛམ་གླིང་བར་གླེང་མོལ་དང་རིག་གནས་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད།

    མཚམས་སྦྱོར་བྱས་པ་ལྟར་ན། མུའུ་ཅི་ཝ་མི་ཆོས་རིང་ལུགས་བྱ་དགའ་ནི་ཨ་ཧྥེ་རི་ཁ་ལྷོ་མའི་མིང་དུ་གྲགས་པའི་འགྲོ་བ་མིའི་ཐོབ་ཐང་གི་སྣེ་ཁྲིད་པ་དང་མི་སེར་རིང་ལུགས་ལ་ངོ་རྒོལ་བྱེད་མཁན། རིགས་རྒྱུད་དགར་མཁན་ལ་རྒོལ་བའི་དཔའ་བོ་ལིས་ཁྲ་ཏི་མུའུ་ཅི་ཝས1999ལོར་བཙུགས་ཤིང་། དམིགས་ཡུལ་ནི་མིག་རྒྱང་རིང་བས་རྒྱ་ཆེ་བའི་མི་དམངས་དང་འབྲེལ་འདྲིས་བྱེད་པའི་རྒྱལ་སྤྱིའི་ཆབ་སྲིད་པ་དང་མིང་དུ་གྲགས་པའི་སྤྱི་ཚོགས་བྱ་འགུལ་པ། རིག་གནས་སྒྱུ་རྩལ་པ་བཅས་ལ་གཟེངས་བསྟོད་བྱེད་ཆེད་ཡིན།

    ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་སྔོན་མ་ནྰ་ཨར་ཞུན་མན་ཏི་ལ་དང་ཀུའུ་པ་རྒྱལ་ཁབ་ཀྱི་རྒྱལ་སྲིད་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྔོན་མ་ཧྥེ་ཏིའར་ཁ་སི་ཐི་ལའོ།ཨ་ཧྥེ་རི་ཁ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྔོན་མ་ཨའེ་ཧ་མའེ་ཏི་ས་ལི་མུའུ་སོགས་རྒྱལ་སྤྱིའི་ཆབ་སྲིད་པ་དང་།ཨ་ཧྥེ་རི་ཁ་ལྷོ་མའི་མིང་དུ་གྲགས་པའི་འཁྲབ་སྟོན་པ་ཁུན་ཀན་ཕུའུ་སོགས་སྤྱི་ཚོགས་བྱ་འགུལ་པ་དང་མིང་དུ་གྲགས་པའི་རིག་གནས་པ་དག་ལ་བྱ་དགའ་འདི་ཐོབ་མྱོང་།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག