མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཚོས་སྔོན་གཤེགས་དཔའ་བོའི་ཁྱིམ་མི་ལ་འཚམས་འདྲི་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-02 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་རྒྱལ་གྱི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་སོགས་ཞིང་ཆེན་གྱི་མགོ་ཁྲིད་པ་ཚོས། སྔོན་གཤེགས་དཔའ་བོའི་ཁྱིམ་མི་ལ་འཚམས་འདྲི་དང་སྔོན་གཤེགས་དཔའ་བོའི་བྱས་རྗེས་ལ་རྗེས་དྲན་བྱས་ཏེ། ཁོ་ཚོའི་ཁྱིམ་མིར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་མྱངས་སུ་བཅུག

ལའོ་ཧོས་ཉིན་སྔ་གཞུག་ཏུ་འཇར་འགོག་དམག་འཁྲུག་སྐབས་སུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་པུའུ་ཅིན་གྱི་བུ། ཁོ་རང་ཉིད་ཀྱང་ཡན་ཨན་འགོག་སྲུང་དམག་འཁྲུག་ཁྲོད་རྨས་ཕོག་པའི་པུའུ་ཀོང་ལིན་དང་ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་ཁྲོད་རང་སྲོག་བློས་བཏང་བའི་ཞིན་ཧྭ་སྨན་ཁང་གི་སྔར་གྱི་ལས་བཟོ་བ་ཀྲང་ཅན་ཧྭ་གཉིས་ཀྱི་ཁྱིམ་དུ་སོང་ནས། ཁོ་ཚོའི་ཁྱིམ་མི་ལ་མེ་ཏོག་ཆུན་པོ་དང་འཚམས་འདྲིའི་སྒོར་མོ་བྱིན་པ་མ་ཟད། ཁོ་ཚོའི་ཁྱིམ་མི་ཡི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། ད་ལྟ་རྒྱལ་ཁབ་སྔར་ལས་སྟོབས་ལྡན་དུ་གྱུར་ཡོད་པ་དང་མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་སོང་ཡོད་ལ། སྐབས་འདིར་ང་ཚོས་ལྷག་པར་དུ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་གྱི་དུས་སྐབས་རེ་རེར། མི་རིགས་ཀྱི་རང་བཙན་དང་། རྒྱལ་ཁབ་ཀྱི་སྟོབས་ལྡན་འབྱོར་ཕྱུག མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་དྲན་ཡོང་ལ། ཁོ་ཚོ་ནམ་ཡིན་ཡང་ང་ཚོའི་སེམས་ཁོང་དུ་གསོན་ཡོད། ང་ཚོས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་དུ་བཏང་ནས། སྤྱི་ཚོགས་ཡོངས་སུ་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་སྔོན་གཤེགས་དཔའ་བོར་སློབ་སྦྱོང་བྱེད་པའི་སྣང་ཚུལ་ཆགས་པར་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་སྔ་གཞུག་ཏུ་སྔོན་གཤེགས་དཔའ་བོ་ལིས་ཧྲུའུ་ཐུང་གི་བུ་མོ་ལིས་ཞིག་ཧྥང་དང་། སྔོན་གཤེགས་དཔའ་བོ་ཀྲང་ཡུང་ཧྥི་ཡི་བཟའ་ཟླ་ཀུའུ་གའོ་ཡིན་གཉིས་ལ་འཚམས་འདྲི་བྱས་པ་དང་། ཝང་ཅན་ཅོན་གྱིས་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བདེ་སྐྱིད་དང་ལཱ་ཡུས་མའེ་གཉིས་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོའི་ཁྱིམ་མི་ཚོས་ལུས་ཕུང་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཁྱིམ་མི་ཚོར་འཚམས་འདྲི་སྒོར་མོ་བྱིན། འཚམས་འདྲི་བྱེད་སྐབས་ཧའོ་ཕིན་གྱིས་བཤད་རྒྱུར། སྔོན་གཤེགས་དཔའ་བོ་ནི་ཏང་དང་མི་དམངས་ལ་བྱས་རྗེས་འཇོག་མཁན་ཡིན་པ་དང་། ང་ཚོའི་དེ་རིང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་ཡང་ཁོ་ཚོའི་དྲིན་ཡིན་པས། ཏང་དང་སྲིད་གཞུང་གི་ཁོ་ཚོ་ནམ་ཡང་བརྗེད་མི་སྲིད་ལ། མི་དམངས་ཀྱིས་ཀྱང་ཁོ་ཚོ་ནམ་ཡང་བརྗེད་མི་སྲིད་ཟེར། ཧའོ་ཕིན་གྱིས་ད་དུང་ཁོ་ཚོའི་ཁྱིམ་མིའི་འཚོ་བར་གཟིགས་སྐྱོང་བྱེད་རྒྱུ་ནི་རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གི་འགན་འཁྲི་ཡིན་པས། དཀའ་ངལ་ལ་འཕྲད་ཚེ་མྱུར་དུ་རྩ་འཛུགས་ལ་ཡར་ཞུ་བྱེད་ཆོག་པ་དང་། ང་ཚོས་ཀྱང་སྟོབས་ཤུགས་ཡོད་རྒུས་རོགས་རམ་དང་ཐག་གཅོད་བྱེད་ངེས་ཟེར།

ཅི་ཏིས་མཱ་ཅ་དང་ཝང་ལིན་ཅོན། ཝང་ཞའོ་ཆིན། ཀྲང་ཀོང་རོང་། ཁོང་ཡུང་བཅས་ཀྱིས་སོ་སོར་སྔོན་གཤེགས་དཔའ་བོའི་ཁྱིམ་མི་ལ་འཚམས་འདྲི་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག