མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་བྱིས་པར་ཀུན་སྤྱོད་སློབ་གསོ་སྤེལ་བའི་གྲོས་ཚོགས་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-23 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་བྱིས་པར་ཀུན་སྤྱོད་སློབ་གསོ་སྤེལ་བའི་གྲོས་ཚོགས་བསྡུས་ཤིང་། གྲོས་ཚོགས་ལས་ཀྲུང་དབྱང་གི་ཡིག་ཆ་ཨང་བརྒྱད་པ་སྤེལ་བ་ནས་ལོ་ངོ་བཅུ་ལྷག་འདས་པའི་རིང་གི་ནར་མ་སོན་པའི་བྱིས་པའི་ཀུན་སྤྱོད་བསམ་བློ་འཛུགས་སྐྲུན་སྐོར་གྱི་བྱ་བར་ཕྱིར་ལྟ་དང་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་། བྱ་བ་དང་འབྲེལ་བའི་ཉམས་མྱོང་བརྗེ་རེས་དང་སྔོན་ཐོན་མི་སྣར་གཟེངས་བསྟོད། མིག་སྔའི་གནས་སྟངས་ལ་དབྱེ་ཞིབ་བཅས་བྱས་པར་མ་ཟད། ད་ཡོད་དང་མ་འོངས་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་ལེགས་པོ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་ཅི་ཏིས་མཱ་ཅ་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནར་མ་སོན་པའི་བྱིས་པར་ཀུན་སྤྱོད་སློབ་གསོ་སྤེལ་བའི་བྱ་བ་གཙོ་གནད་དུ་བཟུང་ནས། ཆབ་སྲིད་ཀྱི་འགན་འཁྲི་དང་མགོ་ཁྲིད་ཀྱི་འགན་འཁྲི་ཚུལ་བཞིན་འགན་ལེན་བཟང་བོ་བྱས་ཏེ། ནར་མ་སོན་པའི་བྱིས་པར་ཀུན་སྤྱོད་བསམ་བློ་སྤེལ་རྒྱུ་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་ལས་སྒོ་གལ་ཆེན་ཞིག་ལ་བརྩིས་ཐོག ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་མཐུན་པའི་དཔྱད་ཞིབ་དཔྱད་འཇོག་གི་མ་ལག་འཐུས་སྒོ་ཚང་བ་ཞིག་གྲུབ་བར་འབད་འབུངས་བྱ་དགོས། ནར་མ་སོན་པའི་བྱིས་པར་ཀུན་སྤྱོད་སློབ་གསོ་སྤེལ་མཁན་གྱི་རུ་དཔུང་སྔར་ལས་རྒྱ་བསྐྱེད་དང་། སྲིད་ཇུས་ཀྱི་རོགས་འདེགས་དང་མ་དངུལ་གཏོང་ཤུགས་ཆེར་བསྐྱེད་དེ། ནར་མ་སོན་པའི་བྱིས་པར་ཀུན་སྤྱོད་བསམ་བློ་ལེགས་པོ་ཞིག་འཛུགས་སྐྲུན་བྱེད་པའི་ཐད། སྟོབས་དང་ལྡན་པའི་ཤུགས་འདོན་པར་འགན་ལེན་ཁག་ཐེག་བྱ་དགོས། རིམ་པ་སོ་སོའི་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས། དུས་ལྟར་འགན་ཁུར་ཡོངས་འགྲུབ་དང་། ངེས་པར་ཐག་གཅོད་དགོས་པའི་བྱ་བ་འཕྲལ་སྒྲུབ་བྱེད་པ། ཕན་ཚུན་རོགས་རེས་བཅས་བྱས་ཏེ། སྟོབས་དང་ལྡན་པའི་མཉམ་ལས་ཀྱི་རྣམ་པ་ཞིག་གྲུབ་པར་བྱ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལམ་ལུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དང་། རང་རྟོགས་རང་འགུལ་སྒོས་འདུ་ཤེས་གསར་སྐྲུན་དང་བྱེད་ཐབས་གསར་སྒྱུར། གཞི་རིམ་བྱ་བ་གསར་བཅོས་བཅས་ལ་ཡར་སྐུལ་བྱས་ཏེ། ནར་མ་སོན་པའི་བྱིས་པ་འཚར་ལོངས་འབྱུང་སའི་བདེ་ཐང་གི་ཀུན་སྤྱོད་ཁོར་ཡུག་ལེགས་པོ་ཞིག་གྲུབ་པར་བྱ་དགོས་པ་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག