མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲིན་ཀྲང་ཧའོ་ཕིན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་ཐོན་ལས་ལག་རྩལ་གསར་བའི་འཕེལ་རྒྱས་ལ་རྟོག་ཞིབ་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། ས་དེ་གའི་ཐོན་ལས་ལག་རྩལ་གསར་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། མཚོ་ཤར་གྲོང་ཁྱེར་གྱི་ཐོན་ལས་ལག་རྩལ་གསར་བའི་རྟེན་གཞིས་རང་གི་གནས་སྟངས་མ་ནོར་བ་བཙལ་བའི་རྨང་གཞིའི་སྟེང་དུ། ཁྱད་ཆོས་འབུར་ཐོན་ཡོང་བར་བྱས་ཏེ། ཁེ་ལས་ཀྱི་རང་སྟོབས་རང་སྤེལ་ནུས་པ་དང་། ཚན་རིག་ཞིབ་འཇུག་ལས་ཁུངས་དང་འཇོན་ཐང་མི་སྣའི་ཐག་གཅོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་ཡོང་བར་འབད་དེ། འཕེལ་རྒྱས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་འགན་ལེན་ཁག་ཐེག་བྱ་དགོས་ཟེར།

ཧྲིན་ཀྲང་ཧའོ་ཕིན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་ནུས་ཁུངས་གསར་བའི་ཚན་རྩལ་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཤིང་། གློག་འདོན་དང་འབྲེལ་བའི་ལས་གཞི་སྣ་མང་གི་འཕེལ་རྒྱས་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཁོས་ནན་གྱིས་བསྟན་དོན། ནུས་ཁུངས་གསར་བའི་ཐོན་ལས་དེ་རྒྱལ་ཁབ་ཐོན་ལས་སྲིད་ཇུས་ཀྱི་ཁ་ཕྱོགས་དང་མཐུན་པར་བྱེད་དགོས་པ་ལས་གཞན། ད་དུང་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་འཚམ་པོ་ཡོང་བར་བྱས་པའི་རྨང་རྐང་སྟེང་དུ། གཞི་ནས་ནུས་ཁུངས་གསར་བའི་ཐོན་ལས་སྟོབས་དང་ལྡན་པའི་ངང་སྤེལ་བ་ཡིན་ན། ད་གཟོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་དང་། ཐོན་ལས་སྒྲིག་གཞི་ལེགས་བཅོས་ལ་སྙོམ་སྒྲིག ཐོན་ལས་རིམ་སྤོར་ཅན་གྱི་ངང་འཕེལ་རྒྱས་འགྲོ་བ་བཅས་ཀྱི་ཐད་བྱེད་ནུས་མི་དམན་པ་འདོན་ཐུབ། དེ་ལས་ཀྱང་དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། ཉི་འོད་ནུས་པའི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱ་བས་ཉི་འོད་ཐོན་ལས་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱས་ནས། གོང་འོག་བར་གསུམ་གྱི་ཐོན་ལས་ཚང་མ་མཉམ་འདྲེས་སྦྲེལ་མཐུན་བྱས་ཏེ། ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་ར་བ་ཞིག་གྲུབ་ངེས་པ་དེ་རེད།

ཧྲིན་ཀྲང་ཧའོ་ཕིན་གྱིས་འཛུགས་སྐྲུན་ས་ཁུལ་གྱི་ཁོར་ཡུག་ལེགས་བཅོས་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཐོན་ལས་ལག་རྩལ་གསར་བའི་རྟེན་གཞི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་དམིགས་ཏེ་ནན་གྱིས་བསྟན་དོན། འཛུགས་སྐྲུན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གཙང་བཅོས་བྱ་བ་གནད་ཆེ་སར་བཟུང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། དོ་དམ་འཛུགས་སྐྲུན། ལྗང་སྒྱུར་ཇུས་འགོད་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཐབས་ཤེས་སྤྱད་དེ། འཛུགས་སྐྲུན་ཡུལ་དངོས་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་རྩ་འཛུགས་ཀྱི་བྱེད་ནུས། རང་བྱུང་ཡུལ་ལྗོངས་བསྐྱར་འཛུགས་བཅས་གཞི་གཅིག་ཅན་དུ་འཕེལ་བར་བྱ་དགོས།

ཧའོ་ཕིན་ཧྲིན་ཀྲང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟམ་མ་ཆད་པའི་སྒོ་ནས། སྲིད་ཇུས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མ་དངུལ་གཏོང་བ་སོགས་ཀྱི་ཐད་ནས་ཐོན་ལས་ལག་རྩལ་གསར་བའི་རྟེན་གཞིའི་འཕེལ་རྒྱས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁོས་མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཁོག་སྐྱ་རིས་ལྟར། ཐོན་ལས་ལ་འཆར་འགོད་བཟང་བོ་འཐེན་ནས། ཁ་གཏད་རང་བཞིན་དང་བདམས་གསེས་རང་བཞིན། ཆེད་ལས་རང་བཞིན་བཅས་ཀྱི་སྒོ་ནས། ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་དང་། ཚན་རིག་ལག་རྩལ་གྱི་འདུས་ཚད་སྔར་ལས་ཇེ་མཐོར་གཏོང་བ། གསར་སྐྲུན་རང་བཞིན་གྱི་ཐོན་ལས་སྡེ་ཚོགས་ཀྱི་ཚོམས་གྲུབ་པར་བྱས་ཏེ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པར་འགན་ལེན་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག