ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཤུགས་ཆེན་པོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན། རྨོ་བསྐྱུར་ནགས་སྐྱོང་རྩྭ་འདེབས། “བྱང་གསུམ”འགོག་རགས་ནགས་ཀྱི་དུས་སྐབས་བཞི་བ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ཀྱི་ནགས་ལས་གཙོ་གནད་བཟོ་འགོད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། ཧུར་བརྩོན་གྱིས་མཐོ་སྒང་གི་ལྗང་མདོག་ཁྱིམ་གཞི་གསར་འཛུགས་བྱས།
ཐུན་ཏེ་རྫོང་ནི་མཚོ་སྔོན་གྱི“རྨ་འབྲི་རྫ་གསུམ་འབྱུང་ཡུལ”རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནད་ས་ཁོངས་སུ་ཆགས་ཡོད་པ་དང་། མངའ་ཁོངས་སུ་འཇང་ཆུང་དང་རྨ་བྱང་། ཞོལ་མ་བཅས་རང་བྱུང་ནགས་ཁུལ་ཆེན་མོ་གསུམ་ཡོད་པ་མ་ཟད། རྨ་ཆུ་དང་དེའི་ཡན་ལག་ཆུ་བོ49ལྷག་ཡོད་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྗིད། ཉེ་བའི་ལོ་འགའི་རིང་། ཐུན་ཏེ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་དེ་ནམ་ཡིན་ཡང་ཐོག་མའི་ལས་འགན་དུ་བརྩིས་ནས་བསྡོམས་པས་ནགས་ལས་ལས་གཞི18དངོས་འབེབས་དང་ལག་བསྟར་བྱས་ལ། སྤྱིའི་མ་དངུལ་སྒོར་ཁྲི4700བཏང་ནས་ནགས་ལས་འཕེལ་རྒྱས་སུ་གཏོང་བ་གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོང་ལ་དོ་སྣང་བྱས་པ་དང་། སྔ་རྗེས་སུ་རྫོང་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུད་དང་ནགས་ཁུལ་དུ“ར་སྐོར་བ་དང་སྲུང་སྐྱོང་། གསོ་སྤེལ། གསར་འཛུགས”བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱས།
དེར་མ་ཟད། ཐུན་ཏེ་རྫོང་གིས་ཧུར་བརྩོན་གྱིས་སློབ་གྲྭ་དང་སྲང་ལམ་ལྗང་བསྒྱུར་བྱ་འགུལ་སྤེལ་བ་དང་། རྫོང་མཁར་དང་ཤང་གྲོང་གི་སློབ་གྲྭ་དང་སྲང་ལམ། ར་སྐོར་སོགས་སུ་ལྗོན་ཤིང་སྣ་ཚོགས་རྐང་ཁྲི2.6བཙུགས་པ་དང་། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་རྟེན་གཞི་དུ་མུའུ700ལ་སྡོང་རྐང་ཁྲི10.5བཙུགས་པ་མ་ཟད། མུའུ160ལ་སྡོང་ཕྲུག་རིགས་སྣ་ཚོགས་ཁྲི40གསོ་སྐྱོང་བྱས་ཡོད། །