མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལེའོ་ཉིན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ལེའོ་ཉིན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། ལེའོ་ཉིན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་པེན་ཀྲི་ཀང་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གཉིས་ཚོགས་འདུར་ཞུགས་ནས་གཏམ་བཤད། ཚོགས་འདུའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་དང་ལེའོ་ཉིན་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་བཏང་ནས། ཞིང་ཆེན་གཉིས་ཀྱི་མཉམ་ལས་དང་བརྗེ་རེས་ལ་ཡར་སྐུལ་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཉེ་བའི་ལོ་འདི་འགར་མཚོ་སྔོན་གྱིས་དབུལ་སྐྱོར་གསར་སྤེལ་བྱ་བའི་ཐད་བླངས་པའི་གྲུབ་འབྲས་རགས་རིམ་ཙམ་ངོ་སྤྲོད་བྱས་ཤིང་། ལེའོ་ཉིན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་བྱ་བར་རོགས་འདེགས་བྱས་པར་བཀའ་དྲིན་ཞུས། ཡན་ཅིན་ཧེ་ཡིས་བཤད་རྒྱུར། གཅིག་དགུ་གོ་དྲུག་ལོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལེའོ་ཉིན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་སྤེལ་དགོས་པ་ཐག་བཅད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ས་ཆར་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། ཞིང་སྡེ་གསར་བ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་གྲུབ་འབྲས་མིག་མཐོང་ལག་ཟིན་བླངས་ཡོད་ཅིང་། ཕན་འབྲས་ལྡན་པའི་ངང་ནས་དབུལ་ཕོངས་ས་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད་ལ། དབུལ་ཕོངས་ས་གནས་ཀྱི་མི་འབོར་ཆེན་ཕྱུག་འགྱུར་གྱི་ལམ་དུ་བཅུག་ཡོད། ཞིང་ཆེན་གཉིས་ཀྱིས་མུ་མཐུད་དུ་ཟམ་མ་ཆད་པའི་སྒོ་ནས་ཕན་ཚུན་རོགས་རེས་མཉམལས་དང་། འབྲེལ་འདྲིས་ཟབ་སྤེལ་བྱས་ནས། སློབ་གསོ་དང་སྨན་བཅོས། འཇོན་ཐང་མི་སྣ་གསོ་སྐྱོང་སོགས་ཀྱི་ཕྱོགས་ནས་དབུལ་སྐྱོར་རོགས་རམ་བྱས་ཏེ། ཞིང་ཆེན་གཉིས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་ཕན་ཚུན་གྱི་མི་འདང་ས་གསབ་རེས་བྱེད་པ། དབུལ་སྐྱོར་མཐུན་སྦྱོར་གྱི་ལས་སྒོ་བརྒྱུད་དེ་ཕན་ཚུན་ལ་ཕན་བདེ་ཆེན་པོ་ལོན་པར་འབད་འབུངས་བྱེད་དགོས་ཟེར།

པེན་ཀྲི་ཀང་གིས་བཤད་རྒྱུར། ལེའོ་ཉིན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་དབུལ་སྐྱོར་རོགས་ལས་བྱ་བ་སྤེལ་བ་ནས་བཟུང་། ལེའོ་ཉིན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་དབུལ་ཕོངས་རོགས་སྐྱོར་བྱེད་ཐབས་ཇེ་དྲག་དང་རོགས་ཕན་བྱེད་ཤུགས་ཇེ་ཆེར་གཏོང་གིན་ཡོད། ཞིང་ཆེན་གཉིས་ཀས་ཐོན་ཁུངས་གསབ་རེས་ཀྱི་རྨང་གཞིའི་སྟེང་དུ། མཉམ་ལས་བྱ་བར་སྔར་ལས་ཤུགས་བསྣན་ནས། དམངས་འཚོ་ལེགས་བཅོས་ཀྱི་བཟོ་སྐྲུན་གལ་ཆེན་དང་འབྲེལ་ཏེ། རོགས་སྐྱོར་མཐུན་སྦྱོར་གྱི་བྱ་བ་སྔར་ལས་འཐུས་ཚང་དུ་གཏོང་བར་འབད་དགོས་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག