མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་བོད་ཀྱི་དམངས་གླུ་འགྲན་སྡུར་དང་བོད་ཀྱི་ལ་གཞས་འགྲན་སྡུར་མཚོ་ནུབ་ས་ཁུལ་གྱི་བསལ་འདེམ་འགྲན་སྡུར།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-09-12 10:48

མཚོ་ནུབ་ཁུལ་བོད་ཀྱི་གདོད་མའི་དམངས་གླུ་འགྲན་སྡུར་སྐབས་དང་པོ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་བཞི་བའི་མཚོ་ནུབ་ས་ཁུལ་གྱི་བསལ་འདེམ་འགྲན་སྡུར།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་བོད་ཀྱི་གདོད་མའི་དམངས་གླུ་འགྲན་སྡུར་སྐབས་དང་པོ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་བཞི་བའི་མཚོ་ནུབ་ས་ཁུལ་གྱི་བསལ་འདེམ་འགྲན་སྡུར་དེ་རིན་ཆེན་གཏེར་གྱི་ཕ་ས་སྟེ་གཏེར་ལེན་ཁ་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས་པ་ཡིན།

ཐེངས་འདིའི་འགྲན་སྡུར་ནི་མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་ནུབ་ཁུལ་རྒྱང་སྒྲོག་ཁང་དང་། མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་། མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུབ་དེབ་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི་དམངས་ཁྲོད་རང་བཞིན་ལྡན་པའི་རིག་རྩལ་བྱ་འགུལ་ཞིག་ཡིན།

བོད་མི་རིགས་ནི་གནའ་ནས་ད་ལྟའི་བར་སྒྱུ་རྩལ་ལ་དགའ་ཞིང་། ལྷག་པར་དུ། ལ་གཞས་སྒྱུ་རྩལ་ནི་བོད་རིགས་མང་ཚོགས་ཀྱིས་ཡུན་རིང་གི་ངལ་རྩོལ་འཚོ་བའི་ཁྲོད་ནས་གསར་གཏོད་བྱས་པའི་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། ངག་ཐོག་གི་རྩོམ་རིག་འདི་ལ་བརྟེན་ནས་མེས་པོ་དམ་པ་རྣམས་ཀྱིས་རང་ཉི་ད་ཀྱི་འཚོ་གནས་ཀྱི་ཁོར་ཡུག་དང་། རི་ཆུའི་གྲུབ་ཚུལ། སེམས་ཁམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་འདི་ལས་མཚོན་ཞིང་། དཔེ་དང་དཔེ་ཅན་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་གྱི་རིག་གནས་འདིའི་ནང་དོན་ཕུམ་སུམ་ཚོགས་ལ། ཕོ་མོ་ཕན་ཚུན་བར་ལེན་རེས་བྱེད་པའི་ངག་ཐོག་གི་སྒྱུ་རྩལ་འདི་ཡིས་རྩྭ་ཐང་གི་བུ་བུ་མོས་ལྷད་མེད་ཀྱི་སེམས་ཁམས་མཚོན་ལ། ཁོད་ཡངས་པའི་རྩྭ་ཐང་དང་། མཛེས་སྡུག་གི་རི་ཆུ། སྤྲིན་དཀར་གྱི་འདབ་མ་སོགས་ཀྱིས་ལ་གཞས་སྒྱུ་རྩལ་གྱི་ཉམས་དགའ་བའི་འཚོ་བའི་གྲུབ་ཆ་རེ་རེ་མཚོན་པར་བྱེད། ང་ཚོས་ངེས་པར་དུ་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་འདི་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་དུ་གཏོང་བ་གཞི་བྱས་ཏེ། ཐེངས་འདིའི་ལ་གཞས་འགྲན་ཚོགས་འདི་སྤེལ་བ་ཡིན།

ཐེངས་འདི་བྱ་འགུལ་ལ་ཐེམ་ཆེན་དང་གཏེར་ལམ་རྫོང་ནས་ཡོང་བའི་གླུ་བ་གླུ་མ་20འགྲན་བསྡུར་ལ་ཞུགས་པ་དང་། ཉིན་གཅིག་དང་ཕྱེད་ཀའི་དུས་ཚོད་བེད་སྤྱད་དེ་ཐོག་མའི་འགྲན་བསྡུར་དང་རྟིང་རྩོད་འགྲན་སྡུར་བཅས་རིམ་པ་གཉིས་བཀར་ནས་འགྲན་བསྡུར་བྱས། མཇུག་མཐར་ཐེམ་ཆེན་རྫོང་གི་གླུ་མ་ལྷ་རིས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། གཏེར་ལམ་རྫོང་གི་གླུ་བ་སྟག་འབུམ་རྒྱལ་དང་རིན་ཆེན་འཚོ་ལ་བྱ་དགའ་ཨང་གཉིས་པ་ཐོབ། དེ་མིན་གླུ་མ་དཔའ་རེས་དང་གླུ་བ་བཀྲ་ཤིས་བདེ་ལེགས། གླུ་མ་མཁའ་འགྲོ་དབང་མོ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། གླུ་བ་གསེར་འབྲུག་རྒྱལ་དང་བ་བཟང་། བསམ་འགྲུབ། གླུ་མ་དབང་མོ་བཅས་ལ་བྱ་དགའ་ཨང་བཞི་བ་ཐོབ། གླུ་བ་བསོད་ནམས་ཚེ་རིང་བཅས་མི་བཅུ་ལ་ཕུལ་བྱུང་བྱ་དགའ་ཐོབ།

ལ་གཞས་འགྲན་ཚོགས་ཀྱི་བྱ་འགུལ་འདི་བརྒྱུད་ནས་ཕ་ཡུལ་མཚོ་ནུབ་འདི་རིག་གནས་སྒྱུ་རྩལ་གྱི་མར་ཁུ་འཁྱིལ་བའི་ཞིང་ས་གཤིན་པོ་ཞིག་ཏུ་བསྒྱུར་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་རིག་གནས་ཁུལ་ཆེན་དུ་འགྱུར་བར་བརྩོན་ལེན་དང་ལ་གཞས་སྒྱུ་རྩལ་གྱི་ཕ་ས་ཞིག་ཏུ་བསྒྱུར་བ་ལ་རྨང་གཞི་བརྟན་པོ་བཏང་སྟེ་འཆམ་མཐུན་གྱི་མཚོ་ནུབ་གསར་བ་འཛུགས་སྐྲུན་བྱེད་པར་སྙིང་ཐག་པ་ནས་ཡིད་ཆེས་དང་རེ་སྨོན་བཅངས་ཡོད།

བྱ་འགུལ་འདི་བརྒྱུད་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་བཞི་བའི་སྟེང་ལ་ཞུགས་པའི་གླུ་བ་གླུ་མ་མི10ཡང་བདམས་ཐོན་བྱུང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག