མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་ལོག་གི“གཞི་གསུམ”འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། པདྨ་རྫོང་། གཅིག་སྒྲིལ་རྫོང་བཅས་རྫོང་ཁག་དྲུག་ལ་སོང་ནས་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་དང་། སྒོ་ཀུན་ནས“གཞི་གསུམ”འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ། མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་ཞིང་ཆེན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བཟོ་སྐྲུན་ཤུགས་ཡོད་ངང་ལག་བསྟར་བྱས་ཏེ། དཔལ་འབྱོར་གྱི་ཚན་རིག་འཕེལ་རྒྱས་ཆོས་ཉིད་དང་། རང་བྱུང་གི་རྒྱུན་མཐུད་འཕེལ་རྒྱས་ཆོས་ཉིད། སྤྱི་ཚོགས་ཀྱི་རུང་བསྟུན་ཆོས་ཉིད་བཅས་ལ་བརྩི་འཇོག་བཟང་བོ་བྱེད་དགོས་ཟེར།

མགོ་ལོག་གི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་མཐོང་རྗེས། ཧྲིན་ཀྲང་ཧའོ་ཕིན་གྱི་ཡིད་སེམས་སྤྲོ་བས་མྱོས། ཁོས་བསྟན་དོན། མིག་སྔའི་དངོས་ཡོད་གནད་དོན་ལ་རྐང་བཙུགས་ནས། མ་འོངས་པར་རེ་བ་ཆེན་པོ་བཅངས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་བསྒྱུར་བྱེད་དགོས་ཟེར།

ཉིན་འགའི་སྔོན་ལ། ཧའོ་ཕིན་སྔ་ཕྱིར་གངས་འཁྱགས་ཀྱིས་ཀུན་ནས་གཡོག་པའི་མགོ་ལོག་རྨ་ཆེན་གངས་རིའི་འདབས་རོལ་གྱི་ཡུལ་ཚོ་སྲིད་གཞུང་ཁ་ཤས་སུ་ཡོང་ནས། དེ་ཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། ཁོས་བསྟན་དོན། བཟོ་སྐྲུན་སྐབས་དང་པོ་ལེགས་འགྲུབ་ཡོང་བའི་རྨང་གཞིའི་སྟེང་དུ། ཤུགས་དང་ལྡན་པའི་སྒོ་ནས་བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་ནན་མོ་བྱེད་དགོས། མིས་བཟོས་བྱེད་ཐབས་དང་རང་བྱུང་བསྐྱར་གསོན་ཟུང་དུ་སྦྲེལ་ཐབས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་གི་ཞིབ་འཇུག་བྱེད་ཐབས་ལ་ཤུགས་སྣོན་དང་། ཕྱོགས་བསྡུས་ངང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ཨ་བྲའི་གནོད་འཚེ་འགོག་པ་དང་ལྕགས་ར་བསྐོར་བ་སོགས་བྱེད་ཐབས་འདྲ་མིན་སྤྱད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བྱ་བར་སྔར་མེད་གྲུབ་འབྲས་གསར་བ་ལེན་པར་ཁག་ཐེག་བྱེད་དགོས་ཟེར། ཧའོ་ཕིན་གྱིས་མགོ་ལོག་ཁུལ་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་དམངས་འཚོའི་ལས་དོན་ལ་དོ་ཁུར་བླ་མེད་བྱས། ཧའོ་ཕིན་དགའ་བདེ་རྫོང་དང་དར་ལག་རྫོང་གི་སྡེ་བ་ཁ་ཤས་ལ་སོང་ནས། མང་ཚོགས་ཀྱི་དྲན་ཚུལ་དང་བསམ་ཕྱོགས། འཚོ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། ཁོས་བཤད་རྒྱུར། ང་ཚོས་ཟམ་མ་ཆད་པའི་ངང་སློབ་གསོ་དང་འཕྲོད་བསྟེན། སྡོད་ཁང་སོགས་དམངས་འཚོ་དང་སྤྱི་ཚོགས་ཀྱི་ལས་དོན་ཐད་མ་དངུལ་གཏོང་ཚད་ཆེ་རུ་གཏོང་རྒྱུ་ཡིན་ལ། ལས་ཞུགས་ཟབ་སྦྱོང་ལ་མཛུབ་སྟོན་བྱེད་པར་ཤུགས་སྣོན་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་ཅན་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཡོང་སྒོ་བསྟུད་མར་ཇེ་མང་དུ་འགྲོ་བ། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཟམ་མ་ཆད་པར་ལེགས་བཅོས་ཡོང་བ་བཅས་ལ་འབད་བརྩོན་བྱེད་དགོས་ཟེར།

གཅིག་སྒྲིལ་རྫོང་ཐོག་ནས་བསྡུས་པའི “གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་དུ། ཧའོ་ཕིན་གྱིས་གཞི་རིམ་ལས་བྱེད་པ་ཚོའི་གཏམ་བཤད་ལ་གཟབ་ནན་སྒོས་ཉན་རྗེས། “གཞི་གསུམ”འཛུགས་སྐྲུན་སྐོར་ནས་མི་མང་གི་བསམ་འཆར་བསྡུ་ལེན་བྱས། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། འགན་འཁྲིའི་འདུ་ཤེས་དང་ཡང་དག་པའི་བྱ་བའི་ཁ་ཕྱོགས་རྒྱུན་འཛིན་ལ་སྔར་ལས་ཤུགས་བསྣན་ནས། ཏང་ཡོན་ལས་བྱེད་པའི་རང་སྟོབས་རང་སྤེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “གཞི་གསུམ”འཛུགས་སྐྲུན་བྱ་བར་གྲུབ་འབྲས་མངོན་གསལ་ལེན་པར་ཁག་ཐེག་བྱེད་དགོས་ཟེར། ད་དུང་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གྱི་འདུ་ཤེས་དང་། སྒོ་འབྱེད་ཀྱི་འདུ་ཤེས། གསར་སྐྲུན་གྱི་འདུ་ཤེས་བཅས་ལ་ཤུགས་བསྣན་ནས། སྲུང་སྐྱོབ་ཀྱི་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཁྲོད་ནས་སྲུང་སྐྱོབ་ཡོང་བའི་འདུ་ཤེས་སྔར་ལས་ཤུགས་ཆེར་བཏང་ཐོག ཐོག་མཐའ་བར་གསུམ་ཀུན་ཏུ་དམངས་འཚོ་ལེགས་བཅོས་ཀྱི་བྱ་བ་རྐང་འཛུགས་ས་དང་མགོ་རྩོམ་སར་བརྩིས་ཏེ། སྐྱེ་ཁམས་ཕྱུགས་ལས་དང་སྐྱེ་ལྡན་ཞིང་ཕྱུགས་ལས་རིགས། ཡུལ་སྐོར་རིག་གནས། མི་རིགས་ལག་ཤེས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བྱ་བར་འབད་འབུངས་བྱས་མཐར། རང་སྟོབས་རང་སྤེལ་གྱི་ནུས་པ་གསོ་སྐྱོང་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་དང་། དགོན་སྡེ་དོ་དམ་གྱི་བྱ་བ། འགལ་བ་འདུན་སྒྲིག གཞི་རིམ་བརྟན་འཇགས་སོགས་ཀྱི་ཐད་སྟོབས་ཤུགས་གང་ཡོད་བཏོན་ནས། སྤྱི་ཚོགས་བརྟན་འཇགས་དང་བདེ་སྡོད་ངང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག