མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་རོགས་མཐུན་གསར་སྐྲུན་ལྟེ་གནས། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་དང་མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་གནང་།

པེ་ཅིང་སློབ་ཆེན་ཆ་འཕྲིན་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཡུའུ་ཧྲིའུ་ཝུན་དང་། དགེ་རྒན་ཆེན་མོ་ཀྲུའུ་ཞོས་ཧྥུན། ཆིན་ཧྭ་སློབ་ཆེན་རྩིས་འཁོར་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་སུན་མའོ་སུང་། རྒྱལ་ཁབ་སྐད་བརྡའི་ཐོན་ཁུངས་ལྟ་ཞིབ་དང་ཞིབ་འཇུག་ལྟེ་གནས་གྲངས་ཉུང་མི་རིགས་སྐད་བརྡའི་ལྟེ་གནས་ཀྱི་འགོ་གཙོ་གཞོན་པའམ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲོའོ་ཤའོ་པིན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས། ནུབ་བྱང་མི་རིགས་སློབ་ཆེན་འཕྲུལ་ཆས་ཡིག་སྒྱུར་ཞིབ་འཇུག་ཁང་གི་འགོ་གཙོ་ལུའུ་ཡཱ་ཅུན། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་བོད་ཡིག་གསུང་དཔེ་གྲངས་འཛིན་ཅན་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་རྡོ་ལྷ་སོགས་མིང་དུ་གྲགས་པའི་ཆེད་མཁས་པ་དག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་གི་གླིང་གཙོ་གཞོན་པ་ཚེ་རིང་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་རྩིས་འཁོར་སློབ་གླིང་གི་གླིང་གཙོ་ཀྲོའོ་ཧེ་ཞིན་གྱིས་ཤིས་ཚིག་ཕུལ། དེ་མིན་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོའམ་མཚོ་སྔོན་པོ་དྲ་བའི་སྤྱི་ཁྱབ་ལྟ་ཞིབ་པ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་འགན་ཁུར་བ་ཚེ་ལོ་དང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོའམ་མཚོ་སྔོན་པོ་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་རྡོ་རྗེ་རབ་བརྟན། བློ་བཟང་ཚན་རྩལ་ཚད་ཡོད་ཀུང་ཟིའི་འགོ་གཙོ་བློ་བཟང་། སློབ་ཆེན་སོ་སོའི་བོད་ཡིག་ཆ་འཕྲིན་ཅན་ཆེད་ལས་ཀྱི་དགེ་རྒན་དང་ཞིབ་འཇུག་སློབ་མ། འབུམ་རམས་པ། མཚོ་སྔོན་ཞིང་ཆེན་རིམ་པའི་ལས་ཁུངས་སོ་སོའི་བོད་ཡིག་ཆ་འཕྲིན་ཅན་བྱ་བའི་ཆེད་ལས་མི་སྣ་སོགས་གདན་དྲངས་པ་ལྟར་ཡུལ་དངོས་སུ་ཆེད་མཁས་པའི་འཆད་ཁྲིད་དང་གཏམ་བཤད་སོགས་ལ་གསན་པ་མ་ཟད། ཆེད་མཁས་པ་རྣམས་དང་འབྲེལ་འདྲིས་བྱས།

བགྲོ་གླེང་ཚོགས་འདུ་འདི་དུས་ཡུན་ཉིན་གཉིས་རིང་ལ་སྤེལ་ཞིང་། ཚེས་བཅུ་བདུན་ཉིན་ནི་ཆེད་མཁས་པ་ཆེད་ཞུས་སྒོས་འཆད་ཁྲིད་གནང་བ་ཡིན་ཏེ། ཆེད་མཁས་པ་སོ་སོས་རང་སྟེང་གི་ཞིབ་འཇུག་ཁྱབ་ཁོངས་བརྒྱུད་བོད་ཡིག་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ད་ཡོད་གནས་སྟངས་དང་མ་འོངས་འཕེལ་ཕྱོགས། དེ་མིན་དེར་གནས་པའི་གནད་དོན་དང་ཐག་གཅོད་བྱེད་ཐབས་སོགས་ལ་དབྱེ་ཞིབ་དང་ཞིབ་བརྗོད་གནང་། ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཆེད་དོན་སྙན་ཞུ་སྤེལ་ཞིང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་མཚོ་སྔོན་པོ་དྲ་བའི་འཐུས་ཚབ་ཀྱིས་ལྟེ་གནས་འདིའི་ཉེ་བའི་ལོ་འགའི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་ཀྱི་བྱ་བ་མཚམས་སྦྱོར་བྱས་པར་ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱི་གཟིགས་རྟོགས་དང་ཁས་ལེན་ཐོབ་ཅིང་། བློ་བཟང་ཚན་རྩལ་ཚད་ཡོད་ཀུང་ཟིའི་འགོ་གཙོ་བློ་བཟང་དང་མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིའི་འཐུས་ཚབ་ཀྱིས་རང་སོ་སོའི་ཁེ་ལས་ཀྱི་འཁོར་བསྐྱོད་གནས་བབ་དང་ཐོན་རྫས། ཡོང་འབབ། མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་སོགས་མཚམས་སྦྱོར་གནང་།

མཇུག་མཐར། ཆེད་མཁས་པ་སོ་སོ་དང་ཚོགས་ཞུགས་འཐུས་ཚབ་པ་རྣམས་ཀྱིས་རང་འགུལ་སྒོས་མ་འོངས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དང་ཁྱབ་ཁོངས། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་མྱུར་མཁོ་ཐག་གཅོད་ཀྱི་ལག་རྩལ་དཀའ་གནད་དང་ཚན་རིག་གནད་དོན། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་གྲུབ་འབྲས་ཀྱི་འཕོ་འགྱུར་དང་ཁེ་ལས་མཉམ་འབྲེལ་སོགས་གནད་དོན་གསུམ་གྱི་ཐད་ནས་བགྲོ་གླེང་གནང་སྟེ། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་གོ་རིམ་ལྡན་ཞིང་ཚད་ལྡན་དང་མྱུར་འཕེལ་ཐད་བསམ་ཚུལ་དང་འདོད་བློ་བརྗོད་པ་མ་ཟད། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ཀན་སུའུ་ལན་གྲུ་རུ་བསྡུ་རྒྱུ་དང་ནུབ་བྱང་མི་རིགས་སློབ་ཆེན་འཕྲུལ་ཆས་ཡིག་སྒྱུར་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱེད་པར་ཐོག་མའི་གྲོས་ཐག་བཅད་ལ། ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་གཙོ་སྒྲུབ་ཕྱོགས་ཀྱིས་ཚོགས་ཞུགས་མི་སྣ་ཡོངས་གདན་ཞུ་སྒོས་རྒྱལ་ཁབ་ཀྱི་ཀ་བཞི་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཀྲུང་གོའི(མཚོ་སྔོན)བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་དང་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་སྐུ་འབུམ་དགོན་ལ་གཟིགས་ཞིབ་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག