མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ད་ལོར་ཆེས་མཇུག་མཐའི་གློག་མེད་ས་ཁུལ་ནས་གློག་ཤུགས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཟླ་བརྒྱད་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་བཞི་ལོའི་ཆེས་མཐའ་མཇུག་གི་གློག་མེད་པའི་ས་ཁུལ་ནས་གློག་ཤུགས་འཛུགས་སྐྲུན་ལས་གཞི་སྟེ། ཁུ་མདའ་སྡེ་བའི་སྟོང་ཧྥུ་བཅུ་ཅན་གྱི་གློག་འདོན་བཟོ་སྐྲུན་དངོས་སུ་ལས་མགོ་བརྩམས་ལ། དེས་མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་གློག་མེད་པའི་ས་ཁུལ་ནས་གློག་ཤུགས་འཛུགས་སྐྲུན་ལས་གཞི་དངོས་སུ་སྤེལ་མགོ་བརྩམས་པ་མཚོན། སྔོན་དཔག་བྱས་པ་ལྟར་ན། ད་ལོའི་ལོ་མཇུག་བར་དུ་ལས་གཞི་ཡོད་ཚད་ཀྱི་ཨར་ལས་འགྲུབ་རྒྱུ་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་ཁུ་མདའ་སྡེ་བ་ནི། ཐུན་ཏེ་རྫོང་ཐོག་ནས་ཕལ་ཆེར་སྤྱི་ལེ་དགུ་ཙམ་གྱི་སར་གནས་ལ། ཁྱིམ་ཚང་ཉི་ཤུས་གྲུབ་པའི་འབྲོག་སྡེ་རྣལ་མ་ཞིག་ཡིན། གནས་འདིར་རི་མཐོན་པོ་དང་གྲོག་རོང་གཟར་མོ་ཡོད་པས། འགྲིམ་འགྲུལ་སྟབས་བདེ་མིན་པར་མ་ཟད། ཉི་འོད་ནུས་པའི་གློག་ཤུགས་ཁོ་ན་བེད་སྤྱོད་བྱེད་ཀྱིན་ཡོད།

གློག་ཤུགས་ཀུང་ཟིའི་འབྲེལ་ཡོད་འགན་ཁུར་པས་གནས་ཚུལ་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ནི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ། རུ་བ་སྤོ་བའི་འབྲོག་དམངས་ཀྱི་གཏན་སྡོད་གནད་དོན་ཐག་གཅོད་དཀའ་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས། གློག་བཀོལ་སྤྱོད་བྱེད་མི་ཐུབ་པའི་ས་ཁུལ་མི་ཉུང་བ་ཞིག་བྱུང་བ་ཡིན་ལ། ཆུ་གློག་གཏན་ནས་བཀོལ་མ་མྱོང་བའི་མི་དེ་དག་གི་ས་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་འབུམ་བདུན་ཙམ་ཡོད་ཅིང་། དེས་ཞིང་ཆེན་ཡོངས་ཀྱི་བོད་རིགས་འདུས་སྡོད་ས་ཁུལ་གྱི་བརྒྱ་ཆའི་གོ་བདུན་ཟིན་ཡོད། གློག་མེད་ས་ཁུལ་ནས་སྤེལ་གྱིན་པའི་གློག་ཤུགས་བཟོ་སྐྲུན་ལས་གཞི་དེ་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་བཞི་ཙམ་གྱི་སར་སྤེལ་བཞིན་ཡོད་པ་མ་ཟད། རང་བྱུང་ས་བབ་ཀྱི་ཆ་རྐྱེན་ཞན་པ་སོགས་ཀྱི་དབང་གིས་བཟོ་སྐྲུན་ལས་གཞིར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཞིང་ཆེན་གློག་ཤུགས་ཀུང་ཟིས་མ་དངུལ་སྒོར་དུང་ཕྱུར་དགུ་ལྷག་བཏང་ནས། གྲོང་ཁྱེར་ལྔ་དང་རྫོང་ཁག་བཅུ་བདུན་ནས་གློག་ཤུགས་བཟོ་སྐྲུན་ལས་གཞི་བརྒྱ་དང་གྱ་གསུམ་དུས་ལྟར་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། མཚོ་སྔོན་གློག་དྲས་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་ལྷག་གི་གློག་བཀོལ་སྤྱོད་བྱེད་མི་ཐུབ་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག