མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་མཐོ་སྒང་དེང་རབས་ཞིང་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་ཆེད་དོན་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-19 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན་ནས་ཚེས14ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་ཚན་གཙོ་ཡིན་པའི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ཆེད་དོན་རྟོག་ཞིབ་ཚན་ཆུང་རྩ་འཛུགས་བྱས་ནས། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་དང་མིན་ཧི་རྫོང་། ལི་ཏུའུ་རྫོང་། ཧུའུ་ཀྲུའུ་རྫོང་བཅས་སུ་སོང་སྟེ། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་དཔྱད་བྱས།

བརྟག་དཔྱད་ཚན་ཆུང་གིས་དེང་རབས་སྔོ་ཚོད་ཐོན་སྐྱེད་རྟེན་གཞི་དང་ཞིང་ལས་དཔེ་སྟོན་ར་བ། མཐོ་སྒང་ཆུ་ཐོན་གསོ་སྤེལ་རྟེན་གཞི། སན་ཐའེ་ཕྱུགས་ལས་སོགས་ཞིང་ལས་ལས་གཞི་བཅུ་གཉིས་དང་ཞིང་སྡེའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་དང་། ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཚོ་ཤར་གྲོང་ཁྱེར་གྱིས་དེང་རབས་ཞིང་ལས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་མ་ཟད། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་ཁ་ཤས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་འགན་ཁུར་མི་སྣར་བཞུགས་མོལ་བྱས།

འཐུས་མི་ཚོས་ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་སྐྱེད་དང་། ཞིང་སྡེའི་ཁོར་ཡུག ཞིང་བའི་འཚོ་བ་བཅས་ཀྱི་ཐད་བྱུང་བའི་འགྱུར་ལྡོག་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཚན་རྩལ་ཐད་ཀྱི་དངུལ་གཏོང་ཚད་ཇེ་མང་དང་ཞིང་ལས་ཀྱི་ཁྱད་ཆོས་ཅན་གྱི་ཚོང་རྟགས་གསར་སྐྲུན་བྱེད་པ། ཚོང་རའི་ཚོང་གཉེར་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་ལས་ཚན་རྩལ་མི་སྣ་སྐྱེད་སྲིང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་ཐད་ཀྱི་ཁེ་ལས་གཙོ་བོ་སྟོབས་ལྡན་དུ་བསྒྱུར་བ་སོགས་ཀྱི་ཐད་བསམ་འཆར་བཏོན།

མུའུ་ཏུང་ཧྲིན་གྱིས་རིམ་པ་སོ་སོའི་སྲིད་གཞུང་གིས་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཞིང་ལས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས། ཞིང་ལས་ཀྱི་ཕན་འབྲས་ཇེ་ཆེར་གཏོང་བ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱེད་དགོས་པ་དང་། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་གསུམ་བྱ་བ་དེ་དམངས་ཆེན་བྱ་བའི་ཕྱོགས་གཙོ་བོ་ཞིག་ཏུ་བརྩིས་ནས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བ་བརྒྱུད་ནས་ཞིང་གསུམ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས་ལ། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཚོས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་། རྟོག་ཞིབ་ནན་མོ་བྱེད་པ། དོན་དངོས་དང་མཐུན་པ་དང་ལག་བསྟར་བྱེད་ཆོག་པའི་བསམ་འཆར་དང་གྲོས་གཞི་འདོན་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག