མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་དང་པོ་ནས་ཟླ་བདུན་པའི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་དང་པོ་ནས་ཟླ་བདུན་པའི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ལོ་ཡུས་ལིན་གྱིས་བཤད་རྒྱུར། ཟླ་དང་པོ་ནས་ཟླ་བདུན་པའི་ནང་ས་ཁུལ་དང་སྡེ་ཁག ཁེ་ལས་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། བརྟན་བརླིང་ངང་འཕེལ་རྒྱས་སུ་་གཏོང་རྒྱུ་དེ་གོ་གནས་དང་པོར་འཇོག་པ་དང་། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་དང་བཅོས་བསྒྱུར་གསར་སྤེལ། ཕྱོགས་བསྡུས་མཐུན་སྦྱོར་ཞབས་ཞུ་ལ་ཤུགས་སྣོན་པར་རྒྱུན་འཁྱོངས་བྱེད་པ། ཧུར་ཐག་གིས་སྦས་ཤུགས་སྔོག་འདོན་དང་ཕན་འབྲས་ཇེ་མཐོར་གཏོང་བ་བཅས་བྱས་པས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་སོང་ཟེར།

ལོ་ཡུས་ལིན་གྱིས་བསྟན་དོན། མིག་སྔའི་བཟོ་ལས་དཔལ་འབྱོར་ཐད་ཀྱི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བ་དང་། དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་སྔར་བཞིན་ཅུང་ཆེ་ལ། བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པའི་ཐད་དཀའ་ཁག་མང་ཞིང་གནོན་ཤུགས་ཆེ་བས། མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནས་བབ་ལ་རྒྱུས་ལོན་གང་ལེགས་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་གིས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱེད་པ། ས་ཁུལ་གཅིག་ལ་སྲིད་ཇུས་གཅིག་དང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། ཁེ་ལས་ཀྱི་དཀའ་ཁག་དང་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཁེ་ལས་ཀྱི་དངུལ་བསྲེས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཡིད་རྟོན་དངུལ་བུན་སྟེར་ཚད་སྔར་ལས་ཇེ་མང་དུ་བཏང་ནས། ཁེ་ལས་ཀྱི་འཁོར་རྒྱུག་མ་དངུལ་ཐད་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས་ལ། ད་ལྟའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་དུས་སྐབས་བཟང་བོ་དམ་འཛིན་བྱས་ནས། ལས་གཞི་གཙོ་བོ་མྱུར་དུ་ལས་མགོ་རྩོམ་པ་དང་ཁེ་ལས་སྐྱེད་སྲིང་བྱེད་པའི་བྱ་བར་ཤུགས་བསྣན་ཏེ། དཔལ་འབྱོར་མགྱོགས་མྱུར་སྒོས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱེད་དགོས། རྨ་ཆུའི་སྟོད་རྒྱུད་དང་སྨད་རྒྱུད་བར་གྱི་སྦྲེལ་མཐུད་བྱ་བ་དམ་འཛིན་བྱས་ནས། དངུལ་གཏོང་གིས་ཁེ་ལས་འཕེལ་རྒྱས་ཐད་བཏོན་པའི་སྣེ་ཁྲིད་ནུས་པ་མཐོར་འདེགས་བྱེད་དགོས། ཁེ་ལས་ཐད་ཀྱི་དངུལ་བསྡུ་དོ་དམ་ལ་ཤུགས་སྣོན་པ་དང་། ཁེ་ལས་ཐད་ཀྱི་དངུལ་བསྡུ་ལས་གཞི་མེད་པར་བཟོ་བ། ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་བ་བཅས་བྱས་ནས། ཧུར་ཐག་གིས་ཁེ་ལས་ཀྱི་འཕེལ་རྒྱས་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

ལོ་ཡུས་ལིན་གྱིས། ས་ཁུལ་སོ་སོ་དང་སྡེ་ཁག ཁེ་ལས་བཅས་ཀྱིས་འཕེལ་རྒྱས་ཀྱི་ཡིད་རྟོན་སྔར་ལས་བརྟན་པོ་བཅངས་ནས། དཀའ་ངལ་ཁྱད་སེལ་དང་ཧུར་ཐག་གིས་ཁ་གཏད་འཇལ་བ། ཕན་ཡོད་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ། བཟོ་ལས་རྒྱུན་མཐུད་ནས་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག