མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་ས་གདན་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་བྱ་བའི་སྒོར་ཅོག་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བདུན་ཉིན། ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོ་མཚོ་སྔོན་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ས་གདན་ཐོན་ལས་དང་འཕེལ་རྒྱས་བྱ་བའི་སྒོར་ཅོག་གྲོས་ཚོགས་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་དང་ཚོང་དོན་སྡེ་ཁག་གི་པུའུ་ཀྲང་ལས་རོགས་པ་ཐུང་ཏོ་ཁྲི་གཉིས་ཀྱིས་གྲོས་ཚོགས་སྟེང་ཤིས་ཚིག་ཕུལ་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཧའོ་ཕིན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ན་ནིང་གི་ཟླ་དགུ་བའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅེན་ཕིན་གྱིས་ཨེ་ཤ་ཡ་དབུས་མར་རྒྱལ་དོན་འཚམས་འདྲི་མཛད་སྐབས་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་མཉམ་དུ་བསྐྲུན་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་པར། ལམ་རྒྱུད་རྒྱལ་ཁབ་ཁག་གི་གདེང་འཇོག་དང་དགའ་བསུ་ཚད་མེད་ཐོབ། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དུ་གནས་པའི་རྒྱལ་ཁབ་མང་ཆེ་བ་ནི་ས་གདན་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེ་གྲས་ཁག་ཡིན་པས། རྒྱལ་ཁབ་དེ་དག་གིས་འཛམ་གླིང་ས་གདན་ལས་རིགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་ཀྱང་རྒྱུན་རིང་བོའི་ས་གདན་ཐོན་སྐྱེད་ལོ་རྒྱུས་དང་བལ་རིགས་ཐོན་ཁུངས་ཕུན་སུམ་ཚོགས་པ། མི་རིགས་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། འཛམ་གླིང་གི་ལུག་བལ་ས་གདན་ཐོན་སྐྱེད་རྟེན་གཞི་དང་རྒྱལ་སྤྱིའི་བོད་ལུགས་ས་གདན་ཐོན་སྐྱེད་ཁྱབ་སྤེལ་ས་ཁུལ་གཉིས་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་ནས། བོད་ལུགས་ས་གདན་ཐོན་ལས་གཙོ་བོ་ཡིན་པའི་ཁྱད་ལྡན་བལ་རིགས་ལས་སྣོན་སྡེ་ཚོགས་དང་། ཐོན་སྐྱེད་ལས་སྣོན། ཁྲོམ་རའི་ཉོ་ཚོང་། ཞབས་ཞུའི་ལས་རིགས་བཅས་གཞི་གཅིག་ཅན་གྱི་ཐོན་ལས་མ་ལག་ཅིག་གྲུབ་པར་བྱས་ཡོད། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུ་བསྡུས་ནས་ལོ་ངོ་བཅུ་འགོར་བའི་རིང་ལ། བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུ་ནི་རྒྱལ་ནང་གི་ཆེས་རྒྱལ་སྤྱི་ཅན་དང་ཁྱད་ཆོས་ཅན། ཚོང་རྫས་ཅན། ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་ཚང་བའི་འགྲེམ་སྟོན་ཚོགས་འདུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།

ཧའོ་ཕིན་གྱིས་བཤད་རྒྱུར། ང་ཚོས་ཐེངས་འདིར་སྒོར་ཅོག་གྲོས་ཚོགས་བསྡུ་དོན་ནི། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དུ་གནས་པའི་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་ས་གདན་གཙོ་གཉེར་རྒྱལ་ཁབ་ཁག་གིས་ས་གདན་ཐོན་སྐྱེད་ཐད་མཉམ་ལས་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་ཞིག་གྲུབ་ཆེད་ཡིན་ཟེར། ཧའོ་ཕིན་གྱིས་དེའི་ཐད་བསམ་འཆར་གསུམ་བཏོན་ཡོད་དེ།

 གཅིག ཐུན་མོང་གིས་ས་གདན་ཐོན་སྐྱེད་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། གཉིས། ཐུན་མོང་གིས་ས་གདན་ཐོན་ལས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསུམ། ཐུན་མོང་གིས་ས་གདན་ཐོན་རྫས་ཀྱི་སྙན་གྲགས་དང་ཤུགས་རྐྱེན་ཇེ་ཆེར་གཏོང་བ་བཅས་རེད། ཧའོ་ཕིན་གྱིས་བཏོན་པའི་བསམ་འཆར་གསུམ་ལ་གྲོས་ཚོགས་ཀྱི་འཐུས་ཚབ་པ་ཚང་མ་མོས་མཐུན་བྱུང་།

ཐུང་ཏོ་ཁྲི་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཚོང་ལས་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་པུའུ་དང་ཞིང་ཆེན་གྱི་མཉམ་ལས་ལམ་ལུགས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་ཞིང་ཆེན་དང་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དུ་གནས་པའི་རྒྱལ་ཁབ་བར་གྱི་སྒོ་འབྱེད་བརྗེ་རེས་མཉམ་ལས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བླ་མེད་བྱས་ཏེ། བོད་ལུགས་ས་གདན་ཐོན་ལས་ཀྱི་ཐོན་རྫས་གྲགས་ཅན་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་སྔར་ལས་ཇེ་ཆེར་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་གསར་བ་ཞིག་གསོ་སྤེལ་དང་ཐོན་ལས་རིམ་སྤོར་ཅན་མགྱོགས་མྱུར་ངང་འཕེལ་བར་འབད་འབུངས་ཧུར་ཐག་བྱེད་དགོས་ཟེར།

ཝང་ཞའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བཤད་རྒྱུར། རེབ་འདིའི་སྒོར་ཅོག་གྲོས་ཚོགས་བསྡུས་པ་བརྒྱུད་དེ། ས་གདན་ལས་རིགས་ཀྱི་སྡེ་ཁག་སོ་སོས་མཉམ་དུ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རེ་འདུན་ཡག་པོ་མངོན་འགྱུར་བྱེད་པའི་འདོད་བློ་མཚོན་པར་བྱས་ནས། ཡིད་རྟོན་ཆེར་བསྐྱེད་དང་མཛའ་འབྲེལ་ཇེ་དམ། མཉམ་ལས་ཀྱི་དམིགས་འབེན་ཇེ་གསལ་བཅས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་གོར་སྡོད་པའི་ཐུའུ་ཁུའུ་མན་སི་ཐན་དང་ཅིར་ཅི་སི་སི་ཐན། ཐ་ཅི་ཁི་སི་ཐན། ཕ་ཁི་སི་ཐན། དབྱི་ལང་། རྒྱ་གར། ཨ་ཧྥུའུ་ཧན། བལ་བོ་སོགས་རྒྱལ་ཁབ་ཁག་གི་གཞུང་ཚབ་པས་གཏམ་བཤད། རྒྱལ་ཁབ་ཕྱི་ནང་གི་ས་གདན་གྲོས་མོལ་མཐུན་ཚོགས་དང་ལས་རིགས་མཐུན་ཚོགས། འབྲེལ་ཡོད་ཁེ་ལས་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་རེབ་འདིའི་གྲོས་ཚོགས་སུ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག