མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:16

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ8པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་དགུ་བ་བསྡུས་ཏེ། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བསྒྱུར་བྱེད་པའི་ལག་བསྟར་ཇུས་གཞི་དང་སློབ་ཁྲིད་གྲུབ་འབྲས་ཐད་ཀྱི་བྱ་དགའ་ལག་བསྟར་བྱེད་ཐབས། སློབ་ཆེན་གྱི་འཛུགས་སྐྲུན་སྒོ་འབྱེད་བྱེད་པའི་ཇུས་གཞི་སོགས་ཀྱི་སློབ་གསོའི་བྱ་བར་ཞིབ་འཇུག་དང་། རྫོང་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཐད་ཀྱི་བསམ་འཆར་འགར་ཞིབ་འཇུག་བྱས།

    ཚོགས་ཐོག་ནས་བསྟན་དོན། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཉམས་ཉན་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བསྒྱུར་བྱེད་རྒྱུ་ནི། སློབ་གསོ་དོ་མཉམ་ངང་་གོང་འཕེལ་དུ་གཏོང་བའི་ལས་འགན་གལ་ཆེན་དང་། དམངས་གཙོ་ལེགས་བསྒྱུར་དང་རིམ་སྤོར་པར་གཞི་གསར་སྐྲུན་བྱེད་པའི་ནང་དོན་གཙོ་བོ་ཡིན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་དང་སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་ཆེན་པོ། ཁྱིམ་བདག་དང་དགེ་སློབ་ཚོས་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ངེས་པར་དུ་དོ་སྣང་ཆེན་པོ་དང་སེམས་ཞིབ་མོས་བཀོད་སྒྲིག བྱ་བ་བཟང་བོར་སྒྲུབ་པ་བཅས་བྱས་ནས། གོ་སྐབས་དམ་འཛིན་དང་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ། དོན་བཟང་སྒྲུབ་པར་ཁག་ཐེག་བྱེད་དགོས་ཟེར།

    ཚོགས་ཐོག་ནས། གཅིག་གྱུར་གྱིས་འཆར་འགོད་དང་གཙོ་གནད་འབུར་ཐོན། ཅི་ཞིག་དཀོན་ན་དེ་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཉེན་ཁང་ཞིག་གསོ་དང་གཞི་རྩ་འགན་སྲུང་། མི་འདང་སར་ཁ་གསབ། ཚད་ལྡན་དུ་བསྒྱུར་བ། དོ་མཉམ་ལ་སྐུལ་འདེད་བྱེད་པ་བཅས་བྱས་ནས། ལོ་ལྔའི་རིང་གི་འབད་བརྩོན་བརྒྱུད་དེ། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བསྒྱུར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་ནས། འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་སྤྱི་ཁོག་གི་ཆུ་ཚད་མཐོར་འདེགས་བྱེད་པར་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཚོགས་ཐོག་ནས། རྫོང་ཁོངས་དཔལ་འབྱོར་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞི་གལ་ཆེན་དང་འདེགས་སྐྱོར་ཡིན་པས། རྫོང་ཁོངས་དར་རྒྱས་སུ་སོང་ན་ཞིང་ཆེན་ཡོངས་དར་རྒྱས་སུ་འགྲོ་བ་དང་། རྫོང་ཁོངས་སྟོབས་ལྡན་དུ་གྱུར་ན་ཞིང་ཆེན་ཡོངས་སྟོབས་ལྡན་དུ་བསྒྱུར་ཐུབ། རྫོང་ཁོངས་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་དུ་གཏོང་རྒྱུ་ནི། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་དང་། མཁར་གྲོང་གི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་མཁར་གྲོང་གཞི་གཅིག་ཅན་མངོན་འགྱུར་བྱེད་པའི་གནད་འགག་ཡིན་ལ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཡིན་པ་དང་། དཔལ་འབྱོར་སྤྱི་ཁོག་གི་དངོས་ཤུགས་མཐོར་འདེགས་དང་ཐོན་ཁུངས་ཁྱད་ཆོས་ཅན་གྱི་དངོས་ཤུགས་སྔོག་འདོན་བྱེད་པ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་ཆེར་བསྐྱེད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བའི་དགོས་ངེས་ཀྱི་ལམ་བུ་དང་། མིག་སྔར་ཆེ་ཕྱོགས་དཔལ་འབྱོར་མར་འགྲིབ་པར་ཁ་གཏད་འཇལ་བ་དང་། དཔལ་འབྱོར་གྱི་རྒྱུ་སྤུས་ཇེ་མཐོ་དང་ཕན་འབྲས་ཇེ་ཆེར་གཏོང་བ། རྣམ་པ་བསྒྱུར་བ་དང་གོང་འཕེལ་དུ་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡང་ཡིན་པས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་དམིགས་བསལ་རང་བཞིན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ཁ་གཏད་རང་བཞིན་ཇེ་ཆེར་གཏོང་བ། ཡུལ་བབ་དང་བསྟུན་པ་དང་རིགས་བགར་ནས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རིག་ལྟར་འཆར་འགོད་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་འཚོ་ལེགས་བསྒྱུར་དང་ལས་ཞུགས་གཞི་རྩར་འཛིན་པ། བཅོས་བསྒྱུར་གསར་སྐྲུན་དང་གཅིག་གྱུར་མཐུན་སྦྱོར་བྱེད་པ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར། ཚོགས་ཐོག་ནས་རྫོང་ཁོངས་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་དུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་མཐུན་བྱུང་བ་མ་ཟད། ཞིང་ཆེན་ཏང་ཨུ་ལ་ཡར་སྤྲོད་བྱས་ནས་ཞིབ་འཇུག་བྱེད་དུ་འཇུག་རྒྱུ་ཐག་བཅད།

    ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག