མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་མགོ་ཁྲིད་དང་པོའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་མགོ་ཁྲིད་དང་པོའི་གྲོས་ཚོགས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་དང་བློ་མཐུན་ལིག་ཡུན་ཧྲན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས།

ཝང་ལིན་ཅོན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི་བྱ་འགུལ་སྤེལ་བའི་ལས་ཁུངས་ཀྱིས་བཅོས་བསྒྱུར་དག་ཐེར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པ་དང་། སྐོར་ཐེངས་གཉིས་པའི་བྱ་འགུལ་སྤེལ་བའི་ལས་ཁུངས་ཀྱིས་གནད་དོན་ལ་ཞིབ་བཤེར་དང་དག་བཅོས་བྱེད་པ་དང་། སྐྱོན་བརྗོད་བྱེད་པའི་དུས་རིམ་དུ་བསླེབས་ཡོད་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་རྗེས་མར་མུ་མཐུད་དུ་ཞང་དང་གྲོང་རྡལ་གྱི་ཆེད་དོན་དམངས་གཙོ་བྱ་བའི་གྲོས་ཚོགས་བཟང་བོར་བསྡུ་བ་དང་། ཡོངས་འགྲུབ་བྱས་ཟིན་པའི་རིགས་སྣ་བཅུ་གཅིག་གི་གཞི་རིམ་ཏང་རྩ་འཛུགས་བཅུ་དྲུག་གི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་དང་དམངས་གཙོའི་སྒོ་ནས་ཏང་ཡོན་ལ་དཔྱད་འཇོག་བྱེད་པའི་བྱ་བའི་ཚོད་ལྟ་བྱེད་སའི་ཉམས་མྱོང་སྤྱི་བསྡོམས་དང་ཁྱབ་གདལ་དུ་གཏོང་བ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྐོར་ཐེངས་དང་པོའི་བྱ་འགུལ་སྤེལ་བའི་ལས་ཁུངས་ཀྱི་དག་ཐེར་ལེགས་བཅོས་དང་། སྐོར་ཐེངས་གཉིས་པའི་བྱ་འགུལ་སྤེལ་བའི་ས་ཁུལ་དང་ལས་ཁུངས་ལ་མཛུབ་སྟོན་བྱེད་པ་དང་། མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ཐད་ཀྱི་ཆེས་མཐའ་མཇུག་གི་གནད་དོན་གཙོ་བོ་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་པ། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། ཀྲུང་དབྱང་གིས་བཏོན་པའི་འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་སྦྲེལ་མཐུད་བཟང་བོ་དང་ལག་བསྟར་བཟང་བོ་བྱེད་པ། ཞིང་ཆེན་ཏང་ཨུའི་གཞི་རིམ་གྱི་རྩ་འཛུགས་དང་རྨང་གཞིའི་བྱ་བ། རྩ་བའི་ནུས་པའི་འཛུགས་སྐྲུན་ཐད་ཀྱི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། ཧུར་ཐག་གིས་གཞི་རིམ་གྱི་རྩ་འཛུགས་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་ཤུགས་ཀྱི་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ། རིམ་པ་བཞིན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་བ་དེང་རབས་ཅན་དུ་བསྒྱུར་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཝང་ལིན་ཅོན་གྱིས་མགོ་ཁྲིད་དང་པོའི་རང་ནུས་འདོན་སྤེལ་བྱས་ནས། སློབ་གསོ་ལག་ལེན་བྱ་འགུལ་གྱི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་མགོ་ཁྲིད་གཙོ་བོར་ཐོག་མཐའ་བར་གསུམ་དུ་ལག་བསྟར་ནན་མོ་བྱེད་པའི་འགུལ་སྐྱོད་ཀྱི་རང་རྟོགས་དང་རང་འགན་དམ་སྲུང་བྱེད་པའི་བློ་སྤོབས། ལག་བསྟར་ནན་མོ་བྱེད་པའི་ཆོད་སེམས་དང་བརྩོན་སེམས་བཅས་ཡོད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག