མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་དང་ཧའོ་ཕིན། ཝང་ཅན་ཅོན་བཅས་ཀྱིས་མཚོ་སྔོན་དུ་སྡོད་པའི་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ལོ་ཧོས་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་བཅས་གཞི་རིམ་དམག་དཔུང་དུ་སོང་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ། མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་འཐབ་མོ་བ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་གྲ་སྒྲིག་མི་སྣ་བཅས་ལ་རྒྱལ་གཅིག་དམག་བཙུགས་དུས་ཆེན་གྱི་རྟེན་འབྲེལ་ཞུས།

དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་དང་པོའི་བཟོ་སྐྲུན་རུ་འབྲིང་ནི་མཚོ་སྔོན་ཞིང་ཆེན་གྱི་མྱུར་སྐྱོབ་རོགས་འདེགས་རུ་ཁག་ཅིག་ཡིན་ལ། ཐེངས་མང་པོར་ཞིང་ཆེན་ཕྱི་ནང་གི་གནོད་ཐེབས་ས་ཁུལ་ལ་སོང་ནས་བྱས་རྗེས་བླ་མེད་བཞག་ཡོད། ལོ་ཧོས་ཉིན་གྱིས་རུ་འབྲིང་འདིའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་དང་འཐབ་མོ་བ་རྣམས་ཀྱིས་ཡུལ་དངོས་ནས་སྦྱོང་བརྡར་བྱེད་པའི་དཀའ་སྤྱད་སྙིང་རུས་ལ་ཞིབ་བལྟ་བྱས། འཐབ་མོ་བ་རྣམས་ཀྱི་དཀའ་སྡུག་ལ་མགོ་མི་སྒུར་བའི་སྙིང་རུས་དང་འཐབ་རྩོད་ཀྱི་འདུ་ཤེས་བརྟན་པོ། རུ་དཔུང་རྒྱ་བསྐྱེད་པའི་ལས་སྒོ་སྔར་མེད་འཕེལ་རྒྱས་འབྱུང་གིན་པའི་གནས་ཚུལ་མཐོང་བས། ལོ་ཧོས་ཉིན་ཡིད་སེམས་སྤྲོ་བས་ཁེངས། ཁོས་དཔོན་དམག་ཚོར་བཤད་རྒྱུར། མཚོ་སྔོན་ནི་རང་བྱུང་གི་གནོད་འཚེ་སྣ་མང་འབྱུང་སླ་བའི་ས་ཁུལ་ཞིག་ཡིན་པས། ཉེན་ཁའི་གནད་འགག་གི་སྐབས་སུ་ཁྱོད་ཚོ་ཐོག་མའི་དུས་ཚོད་ནང་དུ་གནོད་ཐེབས་ས་ཁུལ་ལ་ཐོན་ནས་གདོང་མཆོང་བྱེད་ནུས་པར་ང་ལ་ཡིད་ཆེས་ཟབ་མོ་ཡོད་ཟེར། ལོ་ཧོས་ཉིན་གྱིས་བསྟན་དོན། གནས་བབ་དང་འོས་འགན་གསར་བར་ཁ་གཏད་འཇལ་ཆེད། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཕུལ་བྱུང་དམག་མིའི་དམིགས་འབེན་དང་རེ་འདུན་ཡིད་ལ་དམ་པོར་བཅངས་པ་དང་། ལས་བསྐོས་ཀྱི་འགན་ཁུར་ཕྲག་ཏུ་ལེན་ཕོད་པར་འབད་དེ། རང་གཤིས་གཙང་ལ་དམག་དཔུང་སྟོབས་དང་ལྡན་པ། རུ་དཔུང་རྒྱ་བསྐྱེད་ཀྱི་ལས་དོན་མུ་མཐུད་དུ་སྤེལ་བ། བཅོས་སྒྱུར་དང་དམག་དོན་འཐབ་རྩོད་ལ་སྟ་གོན་བྱེད་པ་བཅས་བྱས་ཏེ། དཔོན་དམག་གི་འགན་འཁྲིའི་ནུས་པ་དང་འོས་འགན་ཡོངས་འགྲུབ་བྱེད་པའི་ནུས་པ་ཟམ་མ་ཆད་པར་ཇེ་མཐོར་བཏང་ཐོག ཏང་དང་མི་དམངས་ཀྱིས་བསྩལ་བའི་འོས་འགན་སྣ་མང་ཡོངས་འགྲུབ་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་ཞིང་ཆེན་དམག་ཁུལ་སྐམ་དམག་གྲ་སྒྲིག་རྐང་དམག་སྟོང་ཤོག་དང་། མཚོ་བོད་དམག་ཚིགས་པུའུ་སོགས་ལ་འཚམས་འདྲི་བྱེད་སྐབས། དཔོན་དམག་གི་བྱ་བ་དང་སློབ་སྦྱོང་། འཚོ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། འཐབ་མོ་བ་རྣམས་དང་བྱམས་བརྩེ་ལྡན་པའི་ངང་གླེང་མོལ་བྱས། ཧའོ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། དཔོན་དམག་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་ལས་གཞན། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་དུས་ཡུན་རིང་བོར་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཞག་པའི་མཛད་རྗེས་ལ་བཀའ་དྲིན་ཞུས། ཧའོ་ཕིན་གྱིས་བཤད་རྒྱུར། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་ཐེག་དཀའ་བའི་ཁུར་བོ་ཆེན་པོ་ཞིག་ཕྲག་སྟེང་དུ་བླངས་ཡོད་པ་དང་། མཚོ་སྔོན་མི་དམངས་ཀྱིས་མཐོ་སྒང་གི་གཞི་རུ་རྔམ་ཟིལ་དང་ལྡན་པའི་སྟོབས་ལྡན་དམག་དཔུང་འདི་འདྲ་ཞིག་གནས་པ་ནི་རང་ཉིད་ཀྱི་ང་རྒྱལ་དང་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། དེ་བས། ཚང་མས་ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་ལ་གཞིགས་ནས། ཏང་གི་མཛུབ་སྟོན་ལྟར་འཛུགས་སྐྲུན་དང་གཡུལ་ལས་རྒྱལ་ཕོད་པ། ཀུན་སྤྱོད་བབ་བརླིང་བཅས་ཀྱི་དམག་དཔུང་འཛུགས་པའི་རེ་འདུན་ལྟར། གནས་བབ་གསར་བའི་འོག་གི་འགན་ཁུར་ལ་གོམས་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དམག་དཔུང་གསར་འཛུགས་ལ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་ཁུལ་གསུམ་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་དགོས་ཟེར།

ཝང་ཅན་ཅོན་སྔ་གཞུག་ཏུ་མཁའ་དམག93987དམག་དཔུང་གི་གཞི་རིམ་བརྒྱ་ཤོག་དང་ལན་ཀྲིག་དམག་ཁུལ་གྱི་ཡན་ལག་རུ་ཁག་སོགས་ལ་སོང་ནས། དེ་གའི་དཔོན་དམག་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། ཝང་ཅན་ཅོན་གྱིས་། མཚོ་སྔོན་དུ་སྡོད་པའི་རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་བྱ་བར་སྔར་མེད་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག