མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཡཱང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-27 10:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡཱང་གིས་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་མཚོ་སྔོན་ནས་འབྲོག་ཕྱོགས་ཀྱི་འཕེལ་རྒྱས་དང་དབུལ་སྐྱོར་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱས། ཁོས་ཕྱུགས་ལས་ས་ཁུལ་གྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གོ་གནས་དང་ནུས་པ་གལ་ཆེན་ཟིན་ཡོད་པས། ཀྲུང་དབྱང་གི་འབྲོག་ཕྱོགས་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་མ་ལག་གསར་སྐྲུན་བྱེད་པ། ཤུགས་ཆེན་པོས་འཕེལ་སྟངས་བསྒྱུར་བ། ཧུར་ཐག་གིས་དེང་རབས་རྩྭ་སའི་ཕྱུགས་ལས་དང་། ཁྱད་ལྡན་ཞིང་ལས། གནས་སྐོར་ལས་རིགས་སོགས་ཁྱད་སྟོབས་ཐོན་ལས་གོང་འཕེལ་དུ་གཏོང་བ། རོང་འབྲོག་པའི་ཡོང་སྒོ་འཕར་ནས་ཕྱུག་པོར་འགྱུར་བར་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་སྐྱེ་ཁམས་བཟང་བ་དང་འཚོ་བ་སྐྱིད་ལ། འབྱོར་བ་རྒྱས་ཤིང་། མི་རིགས་མཐུན་སྒྲིལ་ཡིན་ལ། སྤྱི་ཚོགས་འཆམ་མཐུན་ཡིན་པའི་ཕྱུགས་ལས་ས་ཁུལ་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་ནི་རང་རྒྱལ་གྱི་ཕྱུགས་ལས་ས་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གོ་དྲུག་གི་ས་ནི་ཕྱུགས་ལས་ས་ཁུལ་རེད། ཝང་ཡཱང་སྔ་གཞུག་ཏུ་ཝུའུ་ལན་རྫོང་དང་གཏེར་ལེན་ཁ་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་སོགས་ལ་སོང་ནས་རྩྭ་སའི་སྐྱེ་ཁམས་དང་། ཞིང་ཕྱུགས་ཐོན་སྐྱེད། འབྲོག་དམངས་གཏན་སྡོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ནི་འབྲོག་ཕྱོགས་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་ཤུགས་སྣོན་སར་བརྩིས་ཏེ། ཡུན་རིང་ཕན་པའི་སྒྲིག་ལུགས་འཛུགས་པ་དང་། རྩྭ་སའི་ཕྱུགས་ཟོག་ཚད་ལས་བརྒལ་བར་བཀག་འགོག་བྱེད་པ། རྩྭ་ས་ཉམས་ཉན་དང་བྱེ་ས། བ་ཚྭ་ཅན་དུ་འགྱུར་བར་བཀག་འགོག་བྱེད་པ། རྩྭ་ས་མྱུར་དུ་ལེགས་བཅོས་བྱེད་པ། མིའི་ཐབས་ཀྱིས་རྩྭ་འདེབས་རྒྱུ་ཇེ་ཆེར་གཏོང་བ། ཨ་བྲའི་གནོད་པ་འགོག་བཅོས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྩྭ་སའི་རྒྱུ་སྤུས་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། འབྲོག་དམངས་གཏན་སྡོད་བཟོ་སྐྲུན་ལག་བསྟར་ནན་མོ་བྱེད་པ་དང་། འབྲོག་ཕྱོགས་ཀྱི་ཁྱད་སྟོབས་ལ་རྐང་འཛུགས་པ། ཁྱད་ལྡན་ཐོན་ལས་ཤུགས་ཆེན་པོས་གོང་འཕེལ་དུ་གཏོང་བ་བཅས་བྱས་ཏེ། འབྲོག་པའི་ཡོང་སྒོ་འཕར་སྣོན་དང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས་ཟེར།

ཝང་ཡཱང་གིས་དབུལ་ཕོངས་རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཧ་ཅང་སེམས་ཁུར་བྱེད་བཞིན་ཡོད། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་དབུལ་སྐྱོར་སྲིད་ཇུས་གཟབ་ནན་སྒོས་དངོས་འབེབ་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་ལ་ཡིག་ཚགས་འཛུགས་པ་དང་བྱང་བུ་སྟེར་བའི་བྱ་བ་མྱུར་དུ་སྒྲུབ་སྟེ། དམིགས་ཡུལ་ཡོད་པའི་སྒོ་ནས་དབུལ་སྐྱོར་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་ལས་རིགས་སློབ་གསོ་དང་ལག་རྩལ་གསོ་སྦྱོང་ལ་ཤུགས་བསྣན་ཏེ། དབུལ་ཕོངས་ཞིང་པ་ཁྱིམ་ཚང་གིས་ཁྱད་ལྡན་འདེབས་གསོ་ལས་རིགས་སྤེལ་བར་རོགས་རམ་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་མི་རིགས་རིག་གནས་དང་དམངས་སྲོལ་རིག་གནས། རྩྭ་ཐང་རིག་གནས་བཅས་སྔོག་འདོན་བྱེད་པར་མཐོང་ཆེན་བྱེད་པ་དང་། རང་བྱུང་མཛེས་ལྗོངས་དང་མི་རིགས་གོམས་སྲོག་སོགས་ཁྱད་ཆོས་སུ་མངོན་པའི་གནས་སྐོར་ལས་རིགས་གོང་འཕེལ་དུ་བཏང་ནས། གནས་སྐོར་མཛེས་ལྗོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གནས་སྐོར་ཐོན་རྫས་གྲགས་ཅན་བསྐྲུན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག