མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་རུ་གྱུར་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-27 10:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ཞིང་། མིག་སྔར་ཞིང་ཆེན་ཡོངས་སུ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ངོས་ལེན་ཐོབ་པའི་རྩྭ་ས་མུའུ་ཁྲི2192དང་ཕྱུགས་ཟོག་ཁྲི196ཡོད་པས། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་རུ་གྱུར་ཡོད།

མཚོ་སྔོན་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། འཛམ་གླིང་གི་ཁས་ལེན་བྱས་པའི་སྤྱི་གནོད་མེད་པའི་དྭགས་གཙང་གི་ས་ཁུལ་ཆེན་མོ་བཞིའི་གྲས་ཡིན་པ་དང་། རང་བྱུང་རྩྭ་སའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར5.47ཡོད་ལ། ཁྱད་དུ་འཕགས་པའི་ས་གཤིས་ཁོར་ཡུག་དང་ཐོན་ཁུངས་ལེགས་ཆས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བར་ཕན་ནུས་ཆེན་པོ་ཐོན་ཡོད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཀྲང་ཧོང་ཡོན་གྱིས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་གྱིས་ཧི་ནན་དང་རྩེ་ཁོག ཞིན་ཧེ། ཆི་ལེན་བཅས་ཕྱུགས་ལས་རྫོང4ཡི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང17ལ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ངོས་ལེན་གྱི་བླང་བྱ་ལྟར། གཅིག་གྱུར་སྒོས་འབྲོག་དམངས་རྩ་འཛུགས་བྱས་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱས་པ་དང་། ཐོན་སྐྱེད་གོ་རིམ་ཧྲིལ་བོ་ཐོ་འགོད་དང་ཟིན་ཐོ་འགོད་པའི་ལམ་ལུགས་བཙུགས་ནས་མཉམ་ལས་ཁང་དེ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ར་འཕེལ་རྒྱས་སུ་གཏོང་བའི་སྟེགས་བུ་ཞིག་ཏུ་བསྐྲུན་ཡོད། ད་ལྟ་འཛུགས་སྐྲུན་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། ཚོད་དཔག་ལྟར་ན་ལོ་རེའི་ཕྱུགས་ཟོག་ཕྱུགས་ར་ནས་ཐོན་ཚད་ཁྲི125སླེབས་ཐུབ། དུས་མཚུངས་སུ་མཚོ་སྔོན་གྱིས་མུ་མཐུད་དུ་གཙོ་གནད་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་བྱས་ཏེ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ནུས་པ་རྒྱ་བསྐྱེད་ཡོད།

ཆེད་མཁས་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་ནི་མཚོ་སྔོན་གྱིས་ཕྱུགས་ལས་ལ་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན་པར་འདོད། རྒྱུས་ལོན་པ་ལྟར་ན། མིག་སྔར་མཚོ་སྔོན་གྱིས《སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་འཆར་འགོད(2015ནས2020ལོའི་བར)》སྒྲིག་བཟོ་བྱེད་བཞིན་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཁུལ་གྱི་ས་ཁོངས་ཁྱབ་ཚུལ་དང་འཕེལ་རྒྱས་གཙོ་གནད། སྐུལ་འདེད་གོ་རིམ་བཅས་གསལ་བོར་གཏན་འཁེལ་བྱས་ཡོད།

ཀྲང་ཧོང་ཡོན་གྱིས་བཤད་རྒྱུར། མིག་སྔར་ས་ཁུལ་འདི་དག་ལ་འཛུགས་སྐྲུན་སྐུལ་འདེད་བྱེད་པའི་རྨང་གཞིའི་སྟེང་། ད་ལོར་སྐྱེ་ལྡན་ཕྱུགས་རྟེན་གཞི་འཛུགས་སྐྲུན་དེ་མགོ་ལོག་ཁུལ་དགའ་བདེ་རྫོང་དང་མཚོ་ནུབ་ཁུལ་ཐེན་ཆེན་རྫོང་དུ་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། སྐྱེ་ལྡན་རྨང་གཞི་དང་ཐོན་རྫས་ངོས་ལེན་གྱི་བྱ་བ་དེ་ཆི་ལེན་དང་དགའ་བདེ། ཐེན་ཆེན་རྫོང་བཅས་སུ་རྒྱ་བསྐྱེད་རྒྱུ་ཡིན་ལ། དེ་རྩྭ་ས་མུའུ་ཁྲི4687དང་ཕྱུགས་ཟོག་ཁྲི198ལ་ཁྱབ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག