མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

«མཚོ་སྔོན་ཞིང་ཆེན་གྱི་ལས་འགན་ནག་ཉེས་སྔོན་འགོག་བྱ་བའི་སྲོལ་ཡིག»ཁྱབ་སྒྲོག་ལག་བསྟར་བྱས་པའི་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-27 10:41

1.jpg

«མཚོ་སྔོན་ཞིང་ཆེན་གྱི་ལས་འགན་ནག་ཉེས་སྔོན་འགོག་བྱ་བའི་སྲོལ་ཡིག»ཁྱབ་སྒྲོག་ལག་བསྟར་བྱས་པའི་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

2.jpg

«མཚོ་སྔོན་ཞིང་ཆེན་གྱི་ལས་འགན་ནག་ཉེས་སྔོན་འགོག་བྱ་བའི་སྲོལ་ཡིག»ཁྱབ་སྒྲོག་ལག་བསྟར་བྱས་པའི་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས«མཚོ་སྔོན་ཞིང་ཆེན་གྱི་ལས་འགན་ནག་ཉེས་སྔོན་འགོག་བྱ་བའི་སྲོལ་ཡིག»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བར་མ་ཟད། ལོ་དེའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས། འདས་པའི་ལོ་གཅིག་གི་བཅའ་ཁྲིམས་དྲིལ་སྒྲོག་ལག་བསྟར་གྱི་གནས་ཚུལ་སྤྱི་སྡོམ་བྱེད་ཆེད། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན«མཚོ་སྔོན་ཞིང་ཆེན་གྱི་ལས་འགན་ནག་ཉེས་སྔོན་འགོག་བྱ་བའི་སྲོལ་ཡིག»ཁྱབ་སྒྲོག་བྱས་ཏེ་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་ཚོགས་འདུར་ཞུགས་ཏེ་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་གིས་ཚོགས་འདུར་མགོ་འཛིན་བྱས། ཚོགས་ཐོག་ནས་ལོ་གཅིག་གི་ཞིང་ཆེན་ཡོངས་ཀྱིས་སྲོལ་ཡིག་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་དངུལ་ཁང་ལྟ་རྟོག་ཅུའུ། ཞིང་ཆེན་ས་གནས་ཁྲལ་དོན་ཅུའུ། འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཟི་ལིང་རྣོ་ལྕགས་སྡེ་ཚོགས་ཀུང་ཟི་བཅས་ལས་ཁུངས་ལྔས་ཚོགས་ཐོག་ནས་བརྗེ་རེས་གཏམ་བཤད་སྤེལ།

    ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་བསྟན་དོན། ལོ་གཅིག་གི་རིང་ལ། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་སོ་སོས་སྲོལ་ཡིག་གི་སློབ་སྦྱོང་དང་ལག་བསྟར་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། བཅའ་ཁྲིམས་ཀྱིས་གནང་བའི་འགན་ནུས་ལག་བསྟར་ནན་མོ་བྱས་པ་དང་། སྲོལ་ཡིག་གིས་གཏན་ལ་ཕབ་པའི་སྔོན་འགོག་བྱེད་ཐབས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ལ། སྔོན་འགོག་བྱ་བས་ཁྲིམས་གཅོད་དང་སྔོན་འགོག་མ་ལག་གི་འཛུགས་སྐྲུན་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ཇེ་དྲག་ཏུ་བཏང་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་གང་ལེགས་ཞུས་ཏེ། ལས་འགན་ནག་ཉེས་སྔོན་འགོག་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚན་ལྡན་ཅན་གྱི་ཆུ་ཚད་ཧུར་ཐག་གིས་ཇེ་མཐོར་བཏང་ཟེར།

    ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་སྲོལ་ཡིག་གི་ལག་བསྟར་བྱ་བ་སྔར་ལས་དམ་འཛིན་བྱེད་པར་རེ་བ་བཏོན། གཅིག་ནས་ངོས་འཛིན་ཇེ་མཐོར་གཏོང་བ་དང་ཕན་འབྲས་གཙིགས་སུ་བཟུང་ནས་སྲོལ་ཡིག་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་སྔར་ལས་གཏིང་ཟབ་བྱེད་དགོས་ཏེ། ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་སྲོལ་ཡིག་གི་སྙིང་དོན། གཞི་རྩའི་རེ་བ་བཅས་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། ཉན་པར་སྤྲོ་ཞིང་རྣམ་པ་མང་བའི་དྲིལ་སྒྲོག་གི་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་རིམ་པ་སོ་སོས་སྲོལ་ཡིག་ལ་ངོས་འཛིན་བྱེད་ཚད་སྔར་ལས་ཇེ་མཐོར་བཏང་ནས། སྲོལ་ཡིག་དེ་དོན་ངོ་མས་བཅའ་ཁྲིམས་བྱ་བ་སྒྲུབ་མཁན་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་བྱ་སྤྱོད་ཀྱི་ཚད་གཞི་དང་བྱ་བའི་ཕྱོགས་སྟོན་དུ་འགྱུར་བར་བྱེད་དགོས། སྲོལ་ཡིག་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་བྱེད་པ་དེ་ཏང་གི་སྐབས་བཅོས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱེད་པར་ཟུང་སྦྲེལ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་དངོས་འབེབས་བྱེད་པར་ཟུང་སྦྲེལ་བྱས་ཏེ། རང་རྟོགས་ཀྱིས་སྔོན་འགོག་བྱ་བ་དེ་རུལ་སངས་ངོ་རྒོལ་གྱི་འཐབ་རྩོད་ཁྲོད་དུ་བཞག་ནས་ཇུས་འགོད་དང་དར་སྤེལ། དངོས་འབེབས་བཅས་བྱེད་དགོས་ལ། སྲོལ་ཡིག་གིས་ང་ཚོར་གནང་བའི་ཐུན་མོང་གི་འགན་ནུས་དངོས་སུ་ཕྲག་ཏུ་ལེན་དགོས། གཉིས་ནས་ལས་འགན་གཏན་ཁེལ་གསལ་བོ་དང་སྒྲིག་ལུགས་འཐུས་ཚང་དུ་བཏང་ནས། སྲོལ་ཡིག་ལག་བསྟར་སྔར་ལས་ནན་མོ་བྱེད་དགོས་ཏེ། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོ། སྤྱི་ཚོགས་ཡོངས་ཀྱིས་རང་རྟོགས་ཀྱིས་སྲོལ་ཡིག་བརྩི་སྲུང་དང་བཀོལ་སྤྱོད་བྱས་ཏེ། བྱ་བའི་འགན་ནུས་དངོས་སུ་ལག་བསྟར་བྱེད་པ་དང་ལས་འགན་གྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སྔོན་འགོག་བྱ་བ་གཟབ་ནན་གྱིས་བཟང་བོར་སྒྲུབ་དགོས། རང་རྟོགས་ཀྱིས་ལྟ་ཞིབ་དང་ཞིབ་དཔྱོད། འདྲི་གཅོད། རྩིས་བཤེར་སོགས་འགན་ནུས་ལས་ཁུངས་ཀྱིས་སྡེ་ཁག་དང་ལས་རིགས་ཀྱི་སྔོན་འགོག་བྱ་བར་བཏོན་པའི་མཛུབ་སྟོན་དང་ལེན་བྱེད་པ་དང་། ལྟ་ཞིབ་དང་ཞིབ་དཔྱོད། ཁྲིམས་འཛུགས། རྩིས་བཤེར་སོགས་ཀྱི་གྲོས་གཞི་དངོས་འབེབས་ནན་མོ་བྱས་ཏེ། སྒྱུར་བཅོས་ཀྱི་བསམ་འཆར་དང་སྔོན་འགོག་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་དགོས། འགན་ནུས་ལས་ཁུངས་ཀྱིས་སྤེལ་བའི་ཆེད་དོན་སྔོན་འགོག་དང་ཉེན་ཟོན་སློབ་གསོའི་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་། ཁོ་ཚོས་བྱ་བ་སྤེལ་བར་དགོས་ངེས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། བཅའ་ཁྲིམས་དང་སྒྲིག་ལམ་སྣ་ཚོགས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། གསུམ་ནས་གནད་ས་འབུར་དུ་ཐོན་པ་དང་ཐབས་ཤེས་གསར་སྐྲུན་བྱས་ཏེ་གནས་ཚུལ་ལག་བསྟར་ལ་ལྟ་རྟོག་དང་ཞིབ་བཤེར་བྱེད་པར་སྔར་ལས་གཙིགས་འཛིན་བྱེད་དགོས་ཏེ། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་གི་ལག་བསྟར་དངོས་འབེབས་གནས་ཚུལ་དེ་ལྟ་རྟོག་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ། ཆེད་དོན་བྱ་བའི་སྙན་ཞུར་ཉན་པ་དང་ཁྲིམས་འཛིན་ཞིབ་བཤེར་བྱེད་པ། འཐུས་མིའི་ཞིབ་བཤེར་རྩ་འཛུགས་བྱེད་པ། རྟོག་ཞིབ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། སྲོལ་ཡིག་ལག་བསྟར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། སྲོལ་ཡིག་ལག་བསྟར་བྱེད་སྐབས་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་ལས་ཁུངས་ཀྱིས་ཁྲིམས་ལྟར་བྱ་བའི་འགན་ནུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པར་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ། ཁྲིམས་ལྟར་སྔོན་འགོག་སློབ་གསོའི་བྱ་བ་སྤེལ་དགོས། འགན་ནུས་སྡེ་ཁག་སོ་སོས་ཁྲིམས་ལྟར་སྲོལ་ཡིག་གིས་གནང་བའི་འགན་དབང་ལག་བསྟར་བྱས་ཏེ། བཅའ་ཁྲིམས་ཀྱི་རིགས་ལམ་དང་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་དེ་སྔོན་འགོག་བྱ་བ་སྒྲུབ་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། བཞི་ནས་དོན་དངོས་དང་ཟུང་སྦྲེལ་བྱེད་པ་དང་གནད་དོན་ལ་དམ་དུ་དམིགས་ནས་གནས་ཚུལ་གསར་བ་དང་གནད་དོན་གསར་བའི་ཞིབ་འཇུག་དང་དབྱེ་ཞིབ་ལ་སྔར་ལས་དོ་སྣང་བྱེད་དགོས་ཏེ། སྲོལ་ཡིག་ལག་བསྟར་བྱེད་སྐབས་འཕྲད་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བའི་རྟོག་དཔྱོད་ཞིབ་འཇུག་དང་དབྱེ་ཞིབ་བདེན་དཔང་ལ་ཤུགས་སྣོན་པ་དང་། སྲོལ་ཡིག་ལག་བསྟར་བྱེད་སྐབས་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྤྱི་སྡོམ་བྱེད་པ་དང་ཁྱབ་གདལ་དུ་གཏོང་བ། སྲོལ་ཡིག་གི་གཞི་རྩའི་དགོངས་དོན་དང་ཁྲིམས་འཛུགས་དམིགས་ཡུལ་བརྩི་སྲུང་བྱེད་པའི་ཆ་རྐྱེན་འོག་ཏུ། བྱ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བྱ་བའི་སྒྲིག་ལུགས་གསར་སྐྲུན་བྱེད་པ། བྱ་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གནད་འགག་ཡིན་ས་དང་ཉམས་ཞན་ཡིན་ས། ཉེན་ཁ་ཆེ་ས་བཅས་དམ་འཛིན་བྱས་ཏེ། ལས་འགན་ནག་ཉེས་སྔོན་འགོག་བྱ་བའི་སྤྱིའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག