ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཟི་ལིང་ནས་ཆིན་ཧྭ་དང་པེ་ཅིན་སློབ་གྲྭ་ཆེན་མོ་གཉིས་ཀྱི་བདམས་མངགས་སློབ་མའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་གྱིས་གཏམ་བཤད།
ཝང་ལིན་ཅོན་གྱིས་བསྟན་དོན། ཆིན་ཧྭ་དང་པེ་ཅིན་སློབ་གྲྭ་ཆེན་མོ་གཉིས་ལ་ཁ་གཏད་ནས་ཁ་ཕྱོགས་གཏན་ཁེལ་བྱས་ཏེ་བདམས་མངགས་སློབ་མ་བསྡུས་པ་ནི། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་འཆར་གཞི་ཡོད་པ་དང་གཞི་ཁྱོན་ཆགས་པའི་སྒོ་ནས་རྒྱལ་ནང་གི་མིང་དུ་གྲགས་པའི་སློབ་གྲྭ་ཆེན་མོ་ནས་བྱང་ཚད་མཐོ་བའི་ཏང་སྲིད་ཤེས་ལྡན་མི་སྣ་ནང་འགུག་བྱས་པ་ཡིན་ལ། མཚོ་སྔོན་གྱི་བདམས་མངགས་སློབ་མའི་བྱ་བ་དང་ཤེས་ལྡན་མི་སྣ་ནང་འགུག་བྱེད་པའི་བྱ་བའི་ཐད་ཀྱི་བྱེད་ཐབས་གསར་བ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་ལེགས་བསྒྱུར་དང་། ཤེས་ལྡན་མི་སྣས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཟེར།
ཝང་ལིན་ཅོན་གྱིས་བདམས་མངགས་སློབ་མ་བཅུ་བཞིའི་འཚར་ལོངས་ཀྱི་གོ་སྐབས་ལ་གཅེས་སྤྲས་བྱས་ནས། མཚོ་སྔོན་མཐོ་སྒང་གི་སྦྱོང་བརྡར་བརྒྱུད་དེ་ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་བཟང་བོ་ཞིག་བྱེད་པར་སྐུལ་སློང་བྱས།
ཝང་ལིན་ཅོན་གྱིས་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱིས་མཚོ་སྔོན་གྱི་ལས་བྱེད་པའི་དཔུང་སྡེ་དང་ཤེས་ལྡན་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་དང་འབྲེལ་བའི་སྤྱི་ཁོག་ལ་དམིགས་ནས། བདམས་མངགས་སློབ་མའི་དོ་དམ་སྐྱེད་བསྲིང་བྱ་བ་དེ་ལས་དོན་ཉིན་ཐོའི་ཁྲོད་བཞག་སྟེ། ལྷག་བསམ་རྣམ་དག་གིས་སེམས་ཁུར་དང་ཞབས་འདེགས་ཞུ་བ་དང་། སློབ་གསོ་ལ་ཤུགས་སྣོན་པ། རེ་བ་ནན་མོ་བྱེད་པ་བཅས་བྱས་ཏེ། ཧུར་ཐག་གིས་བདམས་མངགས་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པའི་རེ་བ་བཏོན།
ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཏང་ཨུའི་མགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་འཁུར་བློ་མཐུན། མཚོ་སྔོན་དུ་བྱ་བ་ལས་བཞིན་པའི་ཆིན་ཧྭ་དང་པེ་ཅིན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་འཐུས་མི་བཅས་ཚོགས་འདུར་ཞུགས། །