ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ1པོ་ནས་ཟླ6པའི་བར་དུ། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་གནས་སྐོར་བ་མི་ཐེངས764494སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་སྒོ་སྒོར་ཁྲི35024.12བསྐྲུན་ལ། དུས་མཉམ་ལས་སོ་སོར15.78%དང34.71%འཕར་ཡོད། དུས་མཚུངས་སུ། ཕྱི་རྒྱལ་གྱི་གནས་སྐོར་བའི་ཚོང་ར་གོང་དུ་འཕར་བ་དང་གནས་སྐོར་བ་མི་ཐེངས926ལ་སླེབས་ཤིང་དུས་མཉམ་ལས48.16%འཕར་ཡོད།
ན་གོར་མོ་གྲོང་ཁྱེར་གྱི་གནས་སྐོར་ཐོན་ལས་སྒྲིག་གཞི་ཉིན་རེ་བཞིན་ཇེ་ལེགས་སུ་སོང་བ་དང་བསྟུན། མཚོ་སྔོན་དུ་ཡོང་བའི་གནས་སྐོར་བའི་འདེམས་གསེས་སྔར་ལས་སྣ་མང་ཅན་དུ་གྱུར་བ་དང་། གྲོང་ཁྱེར་གཙོ་བོ་དག་གི་མཐའ་བསྐོར་གྱི་སྤྲོ་འཆམ་གནས་སྐོར་དང་། ཁུ་ནུ་རི་བོ་སྤྱི་གླིང་གི་ས་གཤིས་རིག་གནས་གནས་སྐོར། ཨ་ཆེན་གངས་རྒྱབ་གནས་སྐོར་སོགས་གནས་སྐོར་ལམ་ཐིག་ཇེ་མང་དུ་སོང་ཡོད། དུས་མཚུངས་སུ། གནས་སྐོར་དང་རིག་གནས། ཞིང་ལས་བཅས་མཉམ་དུ་འདྲེས་པས་རིག་གནས་གནས་སྐོར་དང་ཞིང་ལས་སྤྲོ་འཆམ། སྐྱེ་ཁམས་གནས་སྐོར། ཆུ་བེད་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་གསར་བ་སྐོར་ཞིག་བྱུང་ནས་གནས་སྐོར་བྱེད་སར་གྱུར་ཡོད། །