ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ཟོག་གི་ཤ་རིགས་ཐོན་སྐྱེད་ལྟེ་གནས་ཁུལ་འཛུགས་པ་དམིགས་འབེན་དུ་བཟུང་སྟེ། ད་ལོར་སྐྱེ་ལྡན་ཕྱུགས་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དེ་ཆི་ལེན་རྫོང་དང་དགའ་བདེ་རྫོང་། ཐེན་ཆེན་རྫོང་རྒྱ་བསྐྱེད་ཡོད། མིག་སྔར། ཞིང་ཆེན་ཡོངས་སུ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ངོས་ལེན་ཐོབ་པའི་རྩྭ་ས་མུའུ་ཁྲི2192དང་ཕྱུགས་ཟོག་ཁྲི196ཡོད།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ཧི་ནན་དང་རྩེ་ཁོག ཞིན་ཧེ། ཆི་ལེན་བཅས་རྫོང་བཞིའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང17ལ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ངོས་ལེན་གྱི་བླང་བྱ་ལྟར། གཅིག་གྱུར་གྱིས་འབྲོག་དམངས་རྩ་འཛུགས་བྱས་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་སྤེལ་བ་དང་། ཐོན་སྐྱེད་གྱི་གོ་རིམ་ཧྲིལ་བོ་ཐོ་འགོད་དང་ཟིན་ཐོ་འགོད་པའི་ལམ་ལུགས་བཙུགས་ནས། མཉམ་ལས་ཁང་དེ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ར་འཕེལ་རྒྱས་སུ་གཏོང་བའི་སྟེགས་བུ་རུ་བསྒྱུར།
གཞན་ཡང་མཚོ་སྔོན་གྱིས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བའི་དུས་མཚུངས་སུ་མུ་མཐུད་དུ་གཙོ་གནད་སྣེ་ཁྲིད་ཁེ་ལས་ལ་གསོ་སྦྱོང་བྱས་ཏེ། ལུའི་ཚའོ་ཡོན་ཤའི་ཟས་རིགས་ཚད་ཡོད་ཀུང་ཟི་དང་ཧི་ནན་རྫོང་ཆི་ལུང་ཕྱུགས་ར་སོགས་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ཁེ་ལས་ལ་རོགས་སྐྱོར་བྱས་ནས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ནུས་པ་རྒྱ་བསྐྱེད་དུ་བཏང་། བསྡོམས་རྩིས་བྱས་པ་ལྟར་ན་ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ཟོག་གི་ཤ་རིགས་ཐོན་སྐྱེད་ལས་སྣོན་བྱེད་ཚད་ཏུན7734ལ་སླེབས་ཡོད། །